བལ་ཡུལ་ནང་བོད་མིའི་ཕྱིར་བསྐྱོད་ཐོངས་མཆན་ཐོག་གི་མིང༌སྐོར།
2010.12.02
༄༅༎བལ་ཡུལ་ནང་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་ནས་བལ་ཡུལ་ནང་གི་བོད་མི་ཚོས་ཨ་རིར་འགྲིམ་འགྲུལ་གྱི་ཐོངས་མཆན་ལྦི་ཛ་ཞུ་རྒྱུའི་ཡིག་ཆའི་ནང་བོད་མི་རྣམས་བལ་ཡུལ་གྱི་མི་སེར་ཁོངས་གཏོགས་མིན་པར་སྐྱབས་བྱོལ་བའི་མིང་ཐོག་ནས་ངོས་འཛིན་བྱེད་འགོ་ཚུགས་ཡོད་པའི་སྐོར་ཀན་ཏི་པུར་ཞེས་པའི་བལ་ཡུལ་གྱི་གསར་ཤོག་ཐོག་གནས་ཚུལ་ཐོན་ཡོད་པ་རེད་༎
གོང་གསལ་གསར་ཤོག་དེས་གནས་ཚུལ་བཀོད་དོན་གཞིགས་ན་ དེ་སྔོན་བལ་ཡུལ་ནང་རྟེན་གཞི་བྱས་པའི་བོད་མི་རྣམས་ཕྱི་ཕྱོགས་སུ་འགྲིལ་འགྲུལ་བྱེད་སྐབས་བལ་ཡུལ་ཕྱི་སྲིད་ལས་ཁུངས་ཀྱིས་མཁོ་སྤྲོད་བྱས་པའི་འགྲིམ་འགྲུལ་གྱི་ཡིག་ཆའི་སྟེང་ཐོངས་མཆན་ལྦི་ཛ་ཞུ་ཡི་ཡོད་པ་རེད་ ཡིག་ཆ་དེའི་ཐོག་ཡོངས་ཁུངས་རྒྱལ་ཁབ་ཀྱི་མིང་གཞུང་ཐོ་བཀོད་བྱ་སའི་ནང་ཨ་མི་རི་ཀའི་བལ་ཡུལ་གཞུང་ཚབ་ཁང་ནས་བོད་མི་རྣམས་ལ་བལ་པོའི་མི་སེར་ཁོངས་སུ་བཅུགས་ཀྱི་ཡོད་པ་རེད་ ཡིན་ཡང་འདི་ལོ་ཕྱི་ཟླ་༩པའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཕྱག་རོགས་དྲུང་ཆེ་ བལ་ཡུལ་ནང་གཞུང་དོན་ཕྱོགས་སྐྱོད་ཕེབས་སྐབས་བལ་ཡུལ་གྱི་ནང་སྲིད་བློན་ཆེན་བིམ་ར་ལྦལ་གྱིས་ ཨ་རིའི་གཞུང་ཚབ་ཁང་ནས་བོད་མི་ཐོངས་མཆན་ཞུ་མཁན་ཚོར་བལ་པོའི་མི་སེར་ཁོངས་སུ་ངོས་འཛིན་མཐོ་བཀོད་བྱ་སྲོལ་ལ་དགག་པ་སྐྱོན་བརྗོད་དང་འབྲེལ་བོད་མི་རྣམས་བལ་པོའི་མི་སེར་ཡིན་པའི་ངོས་འཛིན་མཚམས་འཇོག་བྱ་དགོས་པའི་ནན་བརྗོད་བྱས་ཡོད་པ་རེད་ གནད་དོན་དེ་དག་ལ་རྐྱེན་པས་ད་ཆ་ཨ་རི་གཞུང་ཚབ་ཁང་ནས་བོད་མི་ཚོའི་ཐོངས་མཆན་ལྦི་ཛ་སྙན་ཞུའི་སྟེང་ཡོང་ཁུངས་རྒྱལ་ཁབ་ཀྱི་མིང་གཞུང་ནང་བོད་མི་རྣམས་ལ་སྐྱབས་བྱོལ་བའི་གནས་བབ་འོག་ངོས་འཛིན་ཐོ་བཀོད་བྱེད་པ་དང་ བལ་པོའི་མེ་སེར་ཞེས་པའི་ངོས་འཛིན་མཚམས་འཇོག་བྱས་ཏེ་ལྦི་ཛ་ཐོངས་མཆན་ཞུ་རྒྱུའི་བརྒྱུད་རིམ་ལ་བཟོ་བཅོས་བཏང་ཡོད་པ་རེད་ གནས་ཚུལ་ནང་གསལ་ལྟར་ན་ཨ་རི་གཞུང་ཚབ་ཁང་ནས་ད་ལྟ་ཕན་བོད་མི་ཐོངས་མཆན་ཞུ་མཁན་ཚོར་བལ་པོའི་མི་སེར་ཁོངས་སུ་བཅུགས་དགོས་དོན་ནི་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་བལ་ཡུལ་གཞུང་གིས་བལ་ཡུལ་ནང་གནས་སྡོད་བྱེད་པའི་བོད་མི་སུ་རུང་གཞུང་འབྲེལ་ཐོག་ནས་སྐྱབས་བྱོལ་བའི་གནས་བབ་དེབ་སྐྱེལ་མ་བྱས་བར་འགྲིམ་འགྲུལ་གྱི་ཡིག་སྤྲོད་ཀྱི་མེད་པ་མ་ཟད་དེ་སྔོན་ཨ་རི་གཞུང་གིས་བལ་ཡུལ་ནས་བོད་མི་སྐྱབས་བྱོལ་བ་ཁག་ཅིག་ཨ་རིར་གཞིས་སྤོས་བྱ་རྒྱུའི་ལས་འཆར་སྐབས་སུ་ཡང་ བོད་མི་སྐྱབས་བྱོལ་རྣམས་ལ་འགྲིལ་འགྲུལ་གྱི་ཡིག་ཆའི་མཐུན་སྐྱེན་མ་སྤྲད་པར་བརྟེན་བོད་མི་གཞིས་སྤོས་ཀྱི་ལས་འཆར་ཐོག་འགོག་རྐྱེན་བཟོས་ཡོད་པའི་སྐོར་ཨ་རིའི་གཞུང་ཞབས་ལས་བྱེད་པས་ལུང་འདྲེན་བྱས་འདུག་༎