ཨ་རིའི་གཞུང་ཚབ་པ་བོད་ནང་རྟོགས་ཞིབ་ཏུ་ཕེབས་དགོས།

རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་པ་བོད་ནང་ཕེབས་དགོས་པ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་དགོས་འདུན་བཏོན་ཡོད་འདུག

2011.11.18

༄༅༎ཕྱི་ཟླ་བཅུ་གཅིག་པའི་ཚེས་༡༧ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་ཡིན་པ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཕེརེང་ལྦུཕ་དང་ཇེམསི་མེ་ག་ལྦན། ཇོ་སེཕ་པིཏ་སི་བཅས་ཀྱིས་རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་གེ་རི་ལོཀ་བོད་ནང་གི་བོད་མི་ཚོའི་དངོས་ཡོད་གནས་སྟངས་ཇི་ཡིན་གསལ་རྟོགས་ཡོང་ཆེད་ བོད་ནང་གཟིགས་སྐོར་དུ་ཕེབས་དགོས་པའི་དགོས་འདུན་ཞུ་སྙན་ཞིག་ཕུལ་ཡོད་པའི་སྐོར་བོད་མིའི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག་
ཞུ་སྙན་དེའི་ནང་ཉེ་ལམ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་མཆོག་དང་ ཀིརྟི་རིན་པོ་ཆེ་མཆོག་གིས་ཨ་རིའི་ཊོམ་ལན་ཊོ་སིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་བོད་དོན་ཉན་ཞིབ་སྐབས་གྲོས་ཚོགས་འཐུས་མི་རྣམས་ལ་སེམས་འགུལ་ཐེབས་ཚུལ་དང་ ཉན་ཞིབ་སྐབས་བོད་ནང་དུ་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་བོད་མི་ཚོར་དཀའ་སྡུག་མྱོང་བཞིན་པ་མ་ཟད་ཉེ་ལམ་རང་ལུས་མེར་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་མི་བྱེད་ཐབས་མེད་ཆགས་པའི་གནས་སྟངས་དེའི་འོག་ཨ་རིའི་གཞུང་ཚབ་མཆོག་གིས་བོད་ནང་གཟིགས་སྐོར་བསྐྱོད་ཐོག་བོད་མི་ཚོར་རྒྱབ་སྐྱོར་གྱི་རྣམ་པ་བསྟེན་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པའི་ཁར་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་ནང་དངོས་ཡོད་གནས་སྟངས་གསལ་རྟོགས་ཆེད་སྐུ་ཚབ་འཐུས་མི་གཏོང་དགོས་པའི་འབོད་སྐུལ་ཡང་གནང་འདུག  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎