བལ་ཡུལ་དུ་བོད་མི་འཛིན་བཟུང་བྱས་པར་ཨ་རིས་ཐུགས་འཚབ་གནང་བ།

བལ་ཡུལ་གཞུང་གིས་བོད་མིའི་འགོ་འཁྲིད་མི་སྣ་འཛིན་བཟུང་བཙོན་འཇུག་བྱས་པར་ཨ་མི་རི་ཀའི་གཞུང་གིས་ཐུགས་འཚབ་ཆེན་པོ་གནང་གི་ཡོད་འདུག

2008.06.27

༄༅༎བལ་ཡུལ་གཞུང་གིས་བལ་ཡུལ་ནང་གནས་སྡོད་བོད་མིའི་འགོ་འཁྲིད་མི་སྣ་འཛིན་བཟུང་བཙོན་འཇུག་བྱས་པའི་གནད་དོན་ཐད་ ཨ་མི་རི་ཀའི་གཞུང་གིས་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པ་གསུངས་འདུག

དེ་ཡང་ཕྱི་ཟླ་དྲུག་པའི་ཚེས་ ༢༦ ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པའི་ལས་ཁུངས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་ ཉེ་ཆར་བལ་ཡུལ་གཞུང་གིས་བོད་མིའི་སྤྱི་ཚོགས་ཀྱི་འགོ་འཁྲིད་སྐལ་བཟང་ཆུང་དང་ ངག་དབང་བཟང་མོ་ དེ་བཞིན་བཀྲིས་སྒྲོལ་མ་བཅས་ལ་ཁྲིམས་བཤེར་གང་ཡང་མེད་པའི་ཐོག་ནས་བཙོན་འཇུག་བྱས་པའི་གནད་དོན་ཐད་ ཨ་མི་རི་ཀའི་གཞུང་གིས་ཧ་ཅང་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པ་དང་ སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཁོང་ཚོ་འཕྲལ་དུ་གློད་གྲོལ་དགོས་རྒྱུར་ང་ཚོས་དགོས་འདུན་བཏོན་བཞིན་ཡོད་ཅེས་འཁོད་འདུག

གསར་འགོད་བསྒྲགས་གཏམ་འདི་བཞིན་ ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་གཞོན་པ་སྐུ་ཞབས་ ཀྲོམ་ཁེ་སིའི་མཚན་ཐོག་ནས་སྤེལ་ཡོད་པ་རེད་ ད་དུང་ཨ་མི་རི་ཀའི་གཞུང་གི་གསར་འགོད་བསྒྲགས་གཏམ་དེའི་ནང་ བལ་ཡུལ་ཉེན་རྟོག་པས་ ཞི་བའི་ངོ་རྒོལ་བ་འཇུ་བཟུང་བྱེད་སྐབས་ཁོང་ཚོའི་ཐོག་དྲག་རྡུང་དང་རྩུབ་སྤྱོད་སོགས་ཀྱི་བྱ་སྤྱོད་སྤེལ་བ་ཁག་ནི་བློ་ཕམ་འོས་པའི་རང་བཞིན་ཞིག་རེད་ཅེས་དང་ དེའི་ནང་མུ་མཐུད་ ང་ཚོས་ བལ་ཡུལ་གཞུང་ཕྱོགས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཐད་བློ་འཚབ་ཡོད་པ་དང་ ཕྱི་རྒྱལ་གཞུང་ཚབ་ལས་ཁུངས་སོགས་སྲུང་སྐྱོབ་བྱ་རྒྱུའི་གནད་དོན་སོགས་གལ་འགངས་ཆེན་པོར་ངོས་འཛིན་གནང་གི་ཡོད་པ་དེ་ཤེས་རྟོགས་ཡོད་ འོན་ཀྱང་ང་ཚོས་བལ་ཡུལ་གཞུང་ལ་ཞི་བའི་ངོ་རྒོལ་བ་ཚོའི་ཐོག་མི་ཆོས་རང་བཞིན་ལྡན་པའི་བྱ་སྤྱོད་སྤེལ་རྒྱུ་དང་ ལྷག་པར་དུ་བལ་ཡུལ་འདི་བཞིན་མང་གཙོའི་ལམ་བུའི་ཐོག་མུ་མཐུད་བསྐྱོད་བཞིན་པའི་རྒྱལ་ཁབ་ཅིག་ཡིན་སྟབས་ ངེས་པར་དུ་རྒྱལ་སྤྱིའི་ཐོག་ནས་གཏན་འབེབས་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་འགལ་འཛོལ་མི་འགྲོ་བ་གནང་དགོས་རྒྱུར་ང་ཚོས་ཛ་དྲག་གི་བསྐུལ་མ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

བལ་ཡུལ་དུ་ཡོད་པའི་བཙན་བྱོལ་བོད་གཞུང་སྣེ་ལེན་ཁང་གི་འགན་འཛིན་སྐལ་བཟང་ཆུང་ལགས་དང་ བལ་ཡུལ་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་བཟང་མོ་ལགས་ ཚོགས་གཞོན་བཀྲིས་སྒྲོལ་མ་ལགས་བཅས་བལ་ཡུལ་གྱི་ཉེན་རྟོག་པས་ཕྱི་ཟླ་དྲུག་པའི་ཚེས་ ༡༩ ཉིན་འཇུ་བཟུང་གིས་ ད་ལྟ་མུ་མཐུད་བཙོན་ཁང་ནང་ཡོད་མུས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎