ཨ་རིས་རྒྱ་ནག་ལ་རྩོད་རྙོག་ཆུང་དུ་གཏང་དགོས་པའི་འབོད་སྐུལ།
2011.06.26
༄༅༎ཨ་མི་རི་ཀས་རྒྱ་ནག་ལྷོ་ཕྱོགས་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གིས་འཐབ་རྩོད་ཀྱི་ཉེན་ཁ་ཆུང་དུ་གཏང་དགོས་པའི་འབོད་སྐུལ་ཞུས་གནང་འདུག ཞི་བདེ་རྒྱ་མཚོའམ་ པེ་སི་ཕིཀ་(Pacific)ཁུལ་གྱི་རྒྱལ་ཁབ་ཚོས་ལྷོ་ཤར་ཨེ་ཤེ་ཡའི་ནང་རྩོད་རྙོག་སྐོར་ད་བར་བྱུང་མ་མྱོང་བའི་གྲོས་མོལ་གནང་བཞིན་པའི་སྐབས་པའི་གོ་སྐབས་བསྟུན་ནས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཤར་ཨེ་ཤི་དང། ཞི་བདེ་རྒྱ་མཚོའི་ཁུལ་གྱི་ལས་དོན་དྲུང་ཆེ་ཕྱག་རོགས་ ཀཏ་ཀེམ་སྦེལ་(Kurt Campbell) གྱིས་ཨ་རིའི་མཚོ་གླིང་ཧ་ལྦེའི་(Hawaii) ནང་འཚོགས་བཞིན་པའི་གོང་ཞུས་ཚོགས་ཆེན་ནང་། རྒྱ་ནག་གིས་འགན་ཁུར་ཆེ་ཙམ་ལེན་དགོས་པའི་སྐོར་ནང་མོལ་གསལ་པོ་གནང་ཡོད་ལུགས་གསར་འགོད་པ་ཚོར་གསུངས་ཡོད་འདུག། ཡང་ཁོང་གིས་བདུན་ཕྲག་ཁ་ཤས་གོང་རྡོ་སྣུམ་སོགས་རང་འབྱུང་གཏེར་དངོས་ཀྱི་ཕྱུག་པའི་ལྷོ་ཕྱོགས་རྒྱ་ནག་རྒྱ་མཚོའི་ཁུལ་དུ། རྒྱ་ནག་གིས་བུ་རུ་ནའེ་དང། མ་ལ་ཤི་ཡ། ཕི་ལི་པེནྶེ། ཐའེ་ལྦན་དང་། ལྦིཏ་ནམ་བཅས་ཀྱི་བདག་དབང་ལ་བརྩི་མེད་བྱེད་བཞིན་པ་དེ་བློ་འཚབ་ཀྱི་རང་བཞིན་ཡིན་པ་མ་ཟད། ལྦིཏ་ནམ་གྱིས་ཉེ་དུས་གོ་མཚོན་དངོས་སུ་བེད་སྤྱོད་བཏང་སྟེ་དྲག་པོའི་ཟབ་སྦྱོང་ཞིག་བྱས་ཡོད་འདུག། དེ་ག་ནང་བཞིན་ཕི་ལི་ཕིནྶེ་ནས་ཀྱང་རྩོད་རྙོག་ཅན་གྱི་མཚོ་ཁའི་ནང་མཚོ་དམག་གི་གྲུ་གཟིངས་དངོས་སུ་བཏང་ཡོད་འདུག། ཨ་མི་རི་ཀ་དང་རྒྱ་ནག་དབར་གྲོས་མོལ་མང་པོ་གནང་མུས་ཀྱང་རེས་གཟའ་སྤེན་པའི་ཉིན་ཡུལ་གཉིས་དབར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་སྐོར་དམིགས་བཀར་གྲོས་མོལ་གནང་བ་ཐེངས་དང་པོ་དེ་ཡིན་འདུག། ཡུལ་གཉིས་དབར་གྲོས་མོལ་དེ་རིགས་གཞན་པ་ཞིག་རིང་མིན་རྒྱ་ནག་འཚོགས་རྒྱུའི་དགོངས་བཞེས་གནང་གི་ཡོད་ལུགས་ཨ་མི་རི་ཀའི་གོང་ཞུས་དཔོན་རིགས་ཀཏ་ཀེམ་སྦེལ་གྱིས་གསུངས་ཡོད་འདུག།