ཨ་རིའི་བདེ་སྲུང་དྲུང་ཆེ་རྒྱ་གར་དུ་འཚམས་གཟིཌ
2011.05.24
༄༅༎ཨ་མི་རི་ཀ་དང་ རྒྱ་གར་དབར་འཇིགས་སྐུལ་རིང་ལུགས་དང་ འཇིགས་སྐུལ་གྱི་བྱ་སྤྱོད་རིགས་ལ་ཁ་གཏད་དང་ གདོང་ལེན་གནང་རྒྱུའི་འཐབ་བྱུས་གཏིང་ཕྱོགས་ཐད་ཕན་ཚུན་གོ་བསྡུར་གནང་ཕྱིར་ ཨ་མི་རི་ཀའི་རྒྱལ་ནང་བདེ་སྲུང་ལྷན་ཁང་གི་དྲུང་ཆེ་ལྕམ་ཇེ་ནེཏ་ན་པོ་ལི་ཀྲ་ནོ་མཆོག་རྒྱ་གར་དུ་ཕེབས་ཡོད་པ་རེད་ ཁོང་གིས་དེ་རིང་རྒྱ་གར་གྱི་གྲོང་ཁྱེར་ མུམ་རྦེ་རུ་ ཕྱི་ལོ་ ༢༠༠༨ ལོར་ འཇིགས་སྐུལ་དྲག་སྤྱོད་པའི་ཚུར་རྒོལ་འོག་རྐྱེན་ལམ་དུ་སོང་བའི་རྒྱ་གར་གྱི་བདེ་འཇགས་དམག་མི་རྣམས་ཀྱི་ཆེད་དུ་ དུས་ཡུན་སྐར་མ་གཅིག་རིང་ ཐུགས་སྨོན་གནང་བ་དང་དུས་མཚུངས་ འདས་པོ་རྣམས་ཀྱི་དྲན་རྟེན་མདུན་དུ་ མེ་ཏོག་གི་འཕྲེང་བ་ཞིག་འཇོག་གནང་ཡོད་པ་རེད་ ཁོང་གིས་རྒྱ་གར་ནང་བཞུགས་རིང་མ་ཧ་རཤི་ཏྲ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་ རྒྱ་གར་གྱི་ནང་སྲིད་བློན་ཆེན་ སྐུ་ཞབས་པི་ཅི་རྡམ་སྦ་རམ་མཆོག་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད་ ཨ་མི་རི་ཀའི་གཞུང་གིས་བརྗོད་དོན་ལྟར་ན་ འཇིགས་སྐུལ་རིང་ལུགས་དང་འབྲེལ་བའི་དྲག་སྤྱོད་རིགས་ལ་ རྒྱལ་ཁབ་ཕན་ཚུན་དབར་འབྲེལ་བ་གནང་རྒྱུ་དང་ གནས་ཚུལ་མཉམ་ལས་བྱ་རྒྱུ་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་གྲོས་མོལ་འགོ་འཛུགས་གནང་རྒྱུ་ཡིན་པ་རེད་ ཨ་མི་རི་ཀས་ པཀིསིཏན་གྱི་ས་ཐོག་ལ་འཇིགས་སྐུལ་རིང་ལུགས་པའི་གཏེ་དཔོན་ཨོ་ས་མ་སྦིན་ལ་རྡེན་བསད་པའི་རྗེས་སུ་ ཨ་མི་རི་ཀ་དང་ པཀིསིཏན་དབར་གྱི་འབྲེལ་བར་ ཤུགས་རྐྱེན་ཕྲན་བུ་སླེབས་པའི་རྗེས་སུ་ ཨ་མི་རི་ཀའི་རྒྱལ་ནང་བདེ་སྲུང་ལྷན་ཁང་གི་
དྲུང་ཆེ་མཆོག་གིས་ རྒྱ་གར་གཞུང་དང་ལྷན་དུ་ ཡུལ་གཉིས་དབར་བདེ་འཇགས་ཐད་ གྲོས་མོལ་གནང་བར་ཕེབས་གནང་བ་མཚོན་གྱི་ཡོད་པ་རེད།