རྒྱ་ནག་དང་ཨ་རི་བར་མཚོ་ཐོག་དམག་དཔུང་སྲུང་སྐྱོབ་ཀྱི་གྲོས་མོལ།
2010.10.16
༄༅༎ཨ་རི་དང་རྒྱ་ནག་དབར་མཚོ་ཐོག་དམག་དཔུང་སྲུང་སྐྱོབ་ལས་དོན་སྐོར་གྱི་གྲོས་མོལ་དེ་བཞིན་ཨ་རིའི་ཧ་ལྦ་ཨི་དུ་གནང་ཡོད་རེད་
ན་ནིང་ཨ་རི་གཞུང་གིས་ཐེ་དབན་ལ་སྲུང་སྐྱོབ་ཀྱི་གོ་མཚོན་ཕྱིར་ཚོང་བྱས་པར་རྒྱ་ནག་གི་སྐྱོན་བརྗོད་བྱས་ནས་ཨརི་དང་རྒྱ་ནག་དབར་དམག་དོན་གྱི་སྲུང་སྐྱོབ་ལས་དོན་དང་འབྲེལ་བའི་གནད་དོན་ཐོག་གྲོས་མོལ་གནང་རྒྱུའི་དུས་བཀག་ནར་མགྱངས་བྱས་པའི་རྗེས་གཟའ་འཁོར་འདིའི་གཟའ་ཕུར་བ་དང་པ་སངས་ཉིན་གྲངས་གཉིས་རིང་ཨ་རི་དང་རྒྱ་ནག་གི་དམག་དོན་སྲུང་སྐྱོབ་ལས་དོན་ཐོག་གྲོས་མོལ་སླར་གསོ་གནང་ཡོད་པ་དང་ ཨ་རིའི་ཞི་བདེ་རྒྱ་མཚོའི་དམག་དཔུང་གིས་དེའི་སྐོར་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་རྒྱ་ནག་དང་ཨ་རིའི་མཚོ་ཐོག་དམག་དཔུང་གི་འབྲེལ་ཡོད་དམག་དཔོན་དབར་ཉིན་གྲངས་གཉིས་རིང་གི་གྲོས་མོལ་གནང་བའི་ནང་ གཙོ་བོ་ཡུལ་གྲུ་གཉིས་ཀྱི་མཁའ་ཐོག་དང་མཚོ་ཐོག་དམག་དཔུང་གིས་མཚོ་ཐོག་ལས་དོན་སྒྲུབ་པའི་སྐབས་ཀྱི་བདེ་འཇགས་སྲུང་སྐྱོབ་གནད་དོན་ཐོག་ཕན་ཚུན་བཀའ་སྡུར་གནང་ལུགས་བཀོད་ཡོད་པ་དང་ རྒྱ་ནག་ཕྱོགས་ནས་གྲོས་མོལ་དེའི་ཐོག་ད་ལྟའི་ཆར་ཕྲལ་དུ་ལན་འདེབས་གང་ཡང་བྱས་མེད་པ་རེད་
ཕྱི་ཟླ་བཅུ་པའི་ཚེས་༡༡ཉིན་ཨ་རིའི་སྲུང་སྐྱོབ་བློན་ཆེན་རོ་སྦཏ་གེཏ་སི་དང་རྒྱ་ནག་གི་སྲུང་སྐྱོབ་བློན་ཆེན་ལེང་ཀོང་གླས་རྣམ་གཉིས་ཐུག་ཕྲད་གནང་བའི་སྐབས་རྒྱ་ནག་གི་སྲུང་སྐྱོབ་བློན་ཆེན་གྱི་གདན་ཞུ་བཞིན་ཨ་རིའི་སྲུང་སྐྱོབས་བློན་ཆེན་འདི་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་ནག་དུ་འཚམས་གཟིགས་སུ་ཕེབས་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད་ ཨ་རི་དང་རྒྱ་ནག་དབར་གྱི་དམག་དོན་དང་འབྲེལ་བའི་སྐོར་གྱི་གྲོས་མོལ་བསྐྱར་དུ་འགོ་ཚུགས་གནང་བ་དེས་ཡུལ་གྲུ་གཉིས་དབར་གྱི་དམག་དོན་འབྲེལ་ལམ་རྒྱུན་ལྡན་ཅན་དུ་བསྐྱོད་རྒྱུར་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་ཡང་ རྒྱུན་རིང་ནས་ཨ་རི་དང་རྒྱ་ནག་དབར་གྱི་དམག་དོན་འབྲེལ་ལམ་ཐོག་ད་དུང་ཡང་གདོང་ལེན་བྱེད་དགོས་པའི་དཀའ་ངལ་མང་པོ་ཞིག་ཡོད་པའི་སྐོར་གནད་དོན་དབྱེ་ཞིབ་པ་ཚོས་དགོངས་ཚུལ་གསུངས་ཀྱི་ཡོད་པ་རེད༎