ཨ་རིའི་ཌོ་ལར་གྱི་མ་རྩ་གསོག་འཇོག་ལ་བློ་འཚབ་བྱེད་དགོས་མིན།
2011.08.14
༄༅༎ཨ་མི་རི་ཀའི་གཞུང་ཚབ་གསར་པས་རྒྱ་ནག་གིས་ཨ་རིའི་ཌོ་ལར་གྱི་མ་རྩ་གསོག་འཇོག་བྱེད་བཞིན་པ་དེར་བློ་འཚབ་བྱེད་དགོས་མེད་ལུགས་སྐོར་གསུངས་ཡོད་འདུག
ཨ་མི་རི་ཀའི་གཞུང་ཚབ་གསར་པ་རྒྱ་རིགས་གེ་རི་ལོཀ་རྒྱ་ནག་ནང་འབྱོར་མ་ཐག་ རྒྱ་ནག་དང་ཨ་མི་རི་ཀའི་དབར་ད་ཡོད་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་བ་དམ་ཟབ་ཡོད་པའི་གནད་འགག་བཀྲོལ་གནང་གིས་ཡུལ་གཉིས་ཀྱིས་འབྲེལ་ལམ་ད་དུང་རྒྱ་ཆེ་རུ་དང་ཟབ་དུ་འགྲོ་རྒྱུ་གོ་སྐབས་བཟང་པོ་ཡོད་ལུགས་གསར་འགོད་ལྷན་ཚོགས་ཤིག་གི་སར་གསུངས་གནང་འདུག། གེ་རི་ལོཀ་དེའི་གོང་ལ་ཨ་རིའི་ཚོང་འབྲེལ་དྲུང་ཆེ་ཡིན་པའི་སྐབས་ རྒྱ་ནག་གི་ཚོང་འབྲེལ་གྱི་སྲིད་བྱུས་ལ་སྐྱོན་བརྗོད་གནང་ཡོད་རེད། ཉེ་དུས་ཨ་རིའི་དཔལ་འབྱོར་གནས་སྟངས་ཉམ་རྒུད་འགྲོ་བཞིན་པའི་ཐད་རྒྱ་ནག་གིས་ཨ་རིའི་འགྲོ་སོང་གཏོང་ཕྱོགས་སྐྱོན་བརྗོད་བྱེད་མུས་ཡིན་པ་རེད། དེ་ལྟར་ཡང་ད་ལྟའི་འཆར་རྒྱ་ནག་ལ་ཨ་རིའི་ཌོ་ལར་ ཁྲག་ཁྲིག་ཆེན་མོ་གསུམ་དང་ཐེར་འབུམ་གཉིས་ཙམ་ཕྱི་དངུལ་གསོག་འཇོག་བྱས་ཡོད་པ་ནས་གསུམ་ཆ་གཅིག ཨ་རིའི་ཌོ་ལར་ཡིན་པར་བརྟེན་ཨ་རིའི་བུན་བདག་གཙོ་བ་དེ་རྒྱ་ནག་ཡིན་པ་རེད། གཞུང་ཚབ་གསར་པས་ རྒྱ་ནག་གིས་ ཨ་རིའི་དངོས་ཟོག་ནང་འདྲེན་དང་ཡུའན་ལ་དུས་བསྟུན་འཛའ་བསྒྱུར་དགོས་གལ་ཆེན་པོ་ཡོད་ལུགས་གསུངས་གནང་འདུག། ཕྱི་ལོ་༢༠༡༠ལོ་ཕྱེད་ཀ་ཙམ་རིང་རྒྱལ་ནག་དང་ཨ་མི་རི་ཀའི་དབར་དྲྭ་རྒྱར་དམ་བསྒྲག་དང་ བོད་དོན། ཐའེ་ལྦན་ལ་ཨ་རིའི་གོ་མཚོན་གྱི་ཚོང་འབྲེལ་བཅས་ཀྱིས་འབྲེལ་ལམ་སྡུག་ཏུ་ཕྱིན་པ་རེད། ད་ཆ་འབྲེལ་ལམ་བཟང་དུ་འགྲོ་བཞིན་པའི་རྣམ་པ་ཡོད་ཀྱང་ རྒྱ་ནག་གི་བརྒྱུད་ལམ་ཁག་གིས་ ཨ་རིས་ཐའེ་ལྦན་ན་མཁའ་དམག་གི་གནམ་གྲུ་གཙོས་པའི་གོ་མཚོན་ལག་ཆའི་ཚོང་འབྲེལ་དེས་ཡུལ་གཉིས་ཀྱི་འབྲེལ་ལམ་ཇི་སྡུག་ཏུ་འགྲོ་རྒྱུའི་ཉེན་བརྡ་གཏོང་མུས་མ་ཟད་རྙོག་ཁྲ་དེ་རིགས་ ཨ་རིའི་སྲིད་འཛོན་གཞོན་པ་ ཇོསེཕ་སྦའེ་ཌེན་མཆོག་རེས་གཟའ་ལྷག་པ་ནས་རྒྱ་ནག་ནང་གཟིགས་སྐོར་ལ་ཕེབས་ཀྱང་ལངས་རྒྱུར་ཐེ་ཚོམ་མེད་པ་རེད༎