བལ་ཡུལ་དུ་དམག་ཞབས་གསར་པ་བསྡུ་རྒྱུ་མེད་པའི་འབོད་སྐུལ།
2008.12.24
༄༅༎མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་ནས་བལ་ཡུལ་གཞུང་དང་མའོ་གྱེན་ལོག་ཤོག་ཁག་དབར་དཀའ་རྙོག་གསར་དུ་མི་འོང་བའི་ཆེད་དུ་དམག་ཞབས་གསར་པ་བསྡུ་རྒྱུ་མེད་པའི་འབོད་སྐུལ་གནང་ཡོད་པ་རེད།
དེ་ཡང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཧི་མ་ལ་ཡའི་མངའ་ཁུལ་གྱི་བདེ་འཇགས་ལྷན་ཁང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་མའར་ཊིན་མཆོག་གིས་བལ་ཡུལ་གཞུང་དང་མའོ་གྱེན་ལོག་ཤོག་ཁག་གཉིས་ཀའི་ཐོག་ནས་དེ་སྔ་བཞག་པའི་ཞི་བའི་གྲོས་མཐུན་གྱི་དོན་ཚན་ཁག་ལ་སྲུང་བརྩི་ཞུ་གནང་དགོས་པའི་འབོད་སྐུལ་གནང་བ་དང་སྦྲགས་དོན་ཚན་གསུམ་རིམ་པ་གསལ་སྟོན་གནང་ཡོད་པ་རེད། མའོ་གྱེན་ལོག་ཤོག་ཁག་གིས་ཞི་བའི་གྲོས་མཐུན་ལྟར་དེ་སྔའི་མའོ་ཤོག་ཁག་གི་དམག་མི་རྣམས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བལྟ་རྟོགས་འོག་བཞག་ཡོད་ཀྱང་ད་དུང་ཡང་མུ་མཐུད་དམག་ཞབས་གསར་པ་བཅུག་དགོས་པའི་སྐོར་བརྗོད་པ་དེར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་ནས་མའོ་ཤོག་ཁག་ནས་དམག་ཞབས་གསར་པ་བཅུག་ཐབས་དེ་ཡུལ་ནང་ཞི་བདེ་ལྷིང་འཇག་མེད་པ་བཟོ་གཞིའི་དམིགས་ཡུལ་ཡིན་པར་ངོས་འཛིན་གྱིས་དེ་དག་གསར་དུ་བཅུག་རྒྱུ་མེད་པའི་འབོད་སྐུལ་གནང་ཡོད་པ་རེད།