མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བལ་ཡུལ་གཞུང་ལ་ཉེན་བརྡ།
2010.09.04
༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བལ་ཡུལ་ནང་ཡོད་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་ཕྱིར་བསྡུར་གནང་རྒྱུའི་ཉེན་བརྡ་བཏང་གནང་ཡོད་པའི་གནས་ཚུལ་ཐོན་འདུག
བལ་ཡུལ་ནང་སྲིད་དོན་ཚོགས་པ་ནང་ཁུལ་འཆམ་མིན་གྱིས་གཞུང་འཛིན་གྱི་དཀའ་ངལ་འཕྲད་མུས་མ་ཟད་གཞུང་དང་མའོ་ཤོག་ཁག་དབར་བཞག་པའི་ཞི་འགྲིག་གི་ལས་དོན་སྤྱི་དང་ལྷག་དོན་དུ་གྱེན་ལོག་པ་ཟུར་པའི་དམག་མི་རྣམས་གཞུང་གི་དམག་མིའི་སྒྲིགས་ཁོང་ཟླ་སྒྲིལ་གཏོང་ཐུབ་མེད་པར་བརྟེན་ད་ཆ་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་དྲུང་ཆེ་སྦན་ཀི་མུན་མཆོག་གིས་བལ་ཡུལ་ནང་ད་ཡོད་རྒྱལ་ཚོགས་ཀྱི་ལས་ཁུངས་ཕྱིར་འཐེན་གནང་རྒྱུའི་ཉེན་བརྡ་བཏང་ཡོད་འདུག་རེས་གཟའ་སྤེན་པའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་འདུག
ད་བར་རྒྱལ་ཚོགས་ཀྱི་ལས་ཁུངས་སྔ་རྗེས་འཕར་འགྱངས་གནང་ཡོད་པ་མ་ཟད་ཕྱི་ཟླ་དགུ་པའི་ཚེས་༡༥ཉིན་ད་ལྟའི་དུས་ཚོད་དེ་ཡང་རྫོགས་རན་གྱི་ཡོད་པ་ལྟར་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གིས་འདི་ཚེས་བདུན་ཉིན་དྲུང་ཆེ་སྦན་ཀི་མུན་མཆོག་གི་སྙན་ཐོའི་སྐོར་བཀའ་བསྡུར་གནང་གཏན་འཁེལ་ཡོད་འདུག
དྲུང་ཆེ་མཆོག་གིས་ ང་ཚོས་བལ་ཡུལ་ནང་ཐོག་མའི་དམིགས་ཡུལ་གཞི་བཟུང་གཞུང་གི་མའོ་ཤོག་ཁག་དབར་བཞག་པའི་ཞི་འགྲིག་གི་ཆིངས་དོན་ལག་ལེན་བསྟར་ཐུབ་པའི་རེ་བ་ཡོད་ན་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་དུས་ཚོད་འཕར་འགྱངས་གནང་རྒྱུ་དང་ དེ་མིན་ན་ཕྱིར་འཐེན་བྱེད་རྩིས་ཡོད་ཅེས་གསུངས་གནང་འདུག
རྒྱལ་ཚོགས་ཀྱི་ལས་ཁུངས་ཕྱི་ལོ་༢༠༠༧ལོ་འགོ་བཙུགས་པ་ནས་བཟུང་ད་བར་དུས་ཚོད་ཐེངས་དྲུག་འཕར་འགྱངས་གནང་ཡོད་རེད། དེའི་དབར་སྲིད་བློན་ལས་ཚབ་མྭ་རྡབ་ཀུ་མར་ནེ་པལ་མཆོག་གིས་སྙན་ཐོ་དེ་གཟིགས་རྗེས་འབྲེལ་ཡོད་གཞུང་ཚབ་གཙོས་པའི་དཔོན་རིགས་རྣམས་དང་ནང་མོལ་གནང་གི་ཡོད་འདུག།