རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྡལ་ཤིག།
2009.06.04
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བའི་གནད་དོན་གླེང་སློང་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག
ཕྱི་ཚེས་གཉིས་ཉིན་སུད་སི་གྲོང་ཁྱེར་ཇི་ནི་ལྦ་རུ་བདུན་ཕྲག་གསུམ་རིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཚོགས་འདུ་དབུ་འཛུགས་གནང་ཡོད་པ་དང་ཚོགས་འདུ་འདིའི་ཐོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡན་ལག་ལས་ཁུངས་ཁག་ནས་རྒྱལ་སྤྱིའི་ཡུལ་ཁག་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བའི་གནས་སྟངས་དང་གནས་ལུགས་སྐོར་སྙན་ཐོ་སྤྱན་འབུལ་དང་ཉན་ཞིབ་གནང་རྒྱུ་ཡིན་པ་རེད། ཁ་ས་ཚེས་གསུམ་ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཁྱབ་ཁོངས་རང་དབང་ལྡན་པའི་ཁྲིམས་དཔོན་དང་ཁྲིམས་རྩོད་པར་ཞིབ་དཔྱོད་གནང་མཁན་དམིགས་བསལ་སྐུ་ཚབ་ཚོགས་ཆུང་གི་ལྷན་ཚོགས་ནང་སུད་སིར་བཅའ་བཞུགས་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ལས་ཁང་གི་ལས་བྱེད་པ་ཀེ་ཊ་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྤྱི་དང་ལྷག་པར་དུ་སྔ་ལོ་བོད་ནང་གི་ཞི་རྒོལ་ཆེན་མོའི་རྗེས་རྒྱ་ནག་གཞུང་གིས་བོད་མི་གང་བྱུང་དོ་དམ་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བ་དང་ནག་ཉེས་ཁ་གསལ་མེད་པ་མ་ཟད་དྲང་བདེན་གྱི་ཁྲིམས་གཏུགས་ཞིབ་བཤེར་མེད་པར་ཁྲིམས་ཐོག་ནས་ཉེས་ཆད་འགེལ་བ་སོགས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཇི་ལྟར་གཏོང་གི་ཡོད་ལུགས་ངོ་སྤྲོད་དང་སྙན་ཐོ་སྤྱན་འབུལ་ཞུས་ཡོད་པ་རེད། དམིགས་ཀར་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་འདི་ལོ་ཕྱི་ཟླ་བཞི་པའི་ཚེས་བརྒྱད་ཉིན་ལྷ་ས་མི་མང་འབྲིང་རིམ་ཁྲིམས་ཁང་ནས་བོད་མི་བློ་བཟང་རྒྱལ་མཚན་དང་ལོ་ཡག་གཉིས་ལ་སྲོག་ཐོག་གི་ཉེས་ཆད་བཀལ་བའི་རྗེས་ཁོང་གཉིས་ཀྱི་ད་ལྟའི་གནས་སྟངས་ཇི་ཆགས་སྐོར་བློ་དོགས་དང་ཡང་ཉེ་སྔོན་རྒྱ་ནག་གཞུང་གིས་ཕུར་བུ་ཚེ་རིང་རིན་པོ་ཆེར་གོ་མཚོན་དང་འབར་རྫས་ཉར་ཚག་བྱས་པའི་མ་ཉེས་ཁ་གཡོག་བྱས་ཏེ་དོ་དམ་བཙོན་འཇུག་བྱས་པའི་གནས་སྟངས་དང་དེ་བཞིན་ལྷ་སར་བཅའ་བཞུགས་དགུང་ལོ་༨༡ཡིན་པ་བོད་མི་རྩོམ་བྲིས་མཁས་ཅན་དཔལ་འབྱོར་ནོར་བུ་ཞུ་བ་ཞིག་ལ་གསང་བའི་ཁྲིམས་གཙོད་ཐོག་ནས་ལོ་བདུན་བཙོན་དུས་ཀྱི་ཉེས་ཆད་བཀལ་བ་སོགས་བོད་ཀྱི་ས་ཁུལ་གང་སར་རྒྱ་ནག་གཞུང་གིས་རང་སྣང་གང་དྲན་གྱིས་བོད་མི་འཛིན་བཟུང་བྱས་པ་མ་ཟད་དཔང་རྟགས་ར་སྤྲོད་དང་ཁུངས་སྐྱེལ་སོགས་གང་ཡང་མེད་པར་ཁྲིམས་ཐོག་ནས་ཉེས་ཆད་བཀལ་ཏེ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐོར་བློ་འཚབ་ཀྱི་གནས་ཚུལ་གསལ་འདོན་གནང་ཡོད་པ་རེད༎