བྱང་ཀོ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་གཟིགས་ཞིབ།
2010.11.22
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱང་ཀུ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་གཟིགས་ཞིབ་གནང་མཁན་གྱི་སྐུ་ཚབ་ དུས་ཡུན་ཉིན་གྲངས་ལྔའི་རིང་ལྷོ་ཀུ་རི་ཡའི་ནང་གཟིགས་སྐོར་གནང་རྒྱུ་ཡིན་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱང་ཀུ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་གི་དམིགས་བསལ་སྐུ་ཚབ་མར་ཛུ་ཀི་དྲ་རུསི་མན་ གཟའ་ཟླ་བའི་ཉིན་ལྷོ་ཀུ་རི་ཡར་ཕེབས་ཡོད་པ་དང་ ཁོང་ལྷོ་ཀུ་རི་ཡའི་ནང་ཕེབས་དོན་གཙོ་བོ་ནི་བྱང་ཀུ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་གནས་ཚུལ་བསྡུ་རུབ་གནང་རྒྱུའི་ཆེད་དུ་ཕེབས་པ་ཞིག་ཡིན་པ་དང་ དེའི་རིང་ཁོང་གིས་ལྷོ་ཀུ་རི་ཡའི་ནང་ཡོད་པའི་བྱང་ཀུ་རི་ཡ་ནས་བྲོས་བྱོལ་དུ་ཡོང་བ་ཚོ་གནས་སྡོད་བྱེད་པའི་ལྟེ་གནས་སུ་གཟིགས་ཞིབ་གནང་རྒྱུ་དང་འབྲེལ་ལྷོ་ཀུ་རི་ཡའི་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁང་གི་དཔོན་རིགས་ཚོ་དང་ཡང་ཐུག་ཕྲད་གནང་རྒྱུ་ཡིན་འདུག
དེ་མིན་ཁོང་གིས་ལྷོ་ཀུ་རི་ཡའི་ནང་ཡོད་པའི་དམངས་ཁྲོད་ཀྱི་ཚོགས་པ་བཅུ་གྲངས་ཀྱི་འགོ་ཁྲིད་ཚོ་དང་ཡང་ཐུག་ཕྲད་གནང་རྒྱུའི་འཆར་གཞི་ཡོད་པ་རེད་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་གཟའ་འཁོར་སྔོན་མའི་གཟའ་ཕུར་བུའི་ཉིན་བྱང་ཀུ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་སྐྱོན་བརྗོད་གནང་ཡོད་པ་དང་ དེར་བྱང་ཀུ་རི་ཡ་ཕྱོགས་ལ་ཁོང་ཁྲོའི་ལན་འདེབས་ཡང་བྱས་ཡོད་འདུག