བལ་ཡུལ་དུ་གསར་འགྱུར་ལས་ཁང་གི་བདག་པོ་ཞིག་ལྐོག་བསད།
2010.02.16
༄༅༎བལ་ཡུལ་ནང་གི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་གི་བདག་པོ་འབྱོར་ལྡན་པ་ཞིག་ཉེ་ལམ་ལྐོག་བསད་བཏང་པའི་གནས་ཚུལ་བཀོད་སྤེལ་བྱེད་མཁན་གྱི་གསར་འགོད་པ་ཚོར་འཇིགས་བསྐུལ་སྡིག་ར་ཤུགས་ཆེ་བྱུང་བཞིན་པར་གཟའ་མིག་དམར་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག།
བལ་ཡུལ་གྱི་གསར་ཤོག་ཁག་གི་བརྩོམ་སྒྲིག་པ་ཚོར་ རང་མིང་མ་སྨྲོས་མཁན་གྱི་ཁ་པར་དང་གློག་འཕྲིན་བརྒྱུད་ གསར་འགྱུར་བརྒྱུད་ལམ་གྱི་བདག་པོ་ཇཱ་མིམ་ཤའ་ཟླ་བ་འདིའི་ནང་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་དྲུའི་ནང་མེ་མདའ་བརྒྱབ་སྟེ་དམར་བསད་བཏང་པའི་གནས་ཚུལ་བཀོད་སྤེལ་མཚམས་འཇོག་བྱེད་དགོས་པའི་ཉེན་བརྡ་བསྟུད་མར་བྱུང་བཞིན་ཡོད་པར་བརྟེན་ གཟའ་མིག་དམར་ཉིན་བལ་ཡུལ་ནང་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྐུ་ཚབ་རི་ཆར་ཌི་སྦེ་ནེཊ་ཀྱིས་འདི་ལྟ་བུའི་ཉེན་བརྡ་དེས་སྤྱི་ཚོགས་ཁྱོན་ཡོངས་ལ་འཇིགས་སྣང་སྐྱེད་གཞི་ཞིག་བཟོ་གི་ཡོད་སྟབས་ མང་ཚོགས་ནས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་པ་རེད་ཅེས་དང་ ངའི་ངོས་ནས་བལ་ཡུལ་གཞུང་གི་འགོ་འཁྲིད་ཚོས་ བལ་ཡུལ་དང་རྒྱལ་སྤྱིའི་ཁྲིམས་ལུགས་གཉིས་ཀའི་ཐོག་ནས་འགན་སྲུང་ཡོད་པ་ སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུའི་ཆ་རྐྱེན་དང་དེའི་ཁོར་ཡུག་ཁག་ངེས་པར་སྲུང་སྐྱོབ་དགོས་རྒྱུའི་ཛ་དྲག་གི་འབོད་བསྐུལ་ཞུ་གི་ཡོད་ཅེས་གསུངས་འདུག།
ལོ་གྲངས་༤༧ལ་སླེབས་པ་ཇཱ་མིམ་ཤའ་ནི་བལ་ཡུལ་ནང་གི་ཐད་གཏོང་བརྙན་འཕྲིན་ལས་ཁང་ཐོག་མ་དེའི་བདག་པོ་ཡིན་ཞིང་ཁོ་པ་དང་ལྷོ་ཤར་ཨེ་ཤི་ཡའི་ནང་དང་ལྷག་པར་དུ་རྒྱ་གར་གྱི་མི་རིགས་ཡིན་པ་ནག་ཉེས་ནག་གསོག་སྒྲིག་འཛུགས་ཀྱི་འགོ་པ་རྡ་ལྦུརྡ་ཨིབ་ར་ཧིམ་དང་འབྲེལ་བ་ཡོད་པ་བརྗོད་མཁན་ཡོད་ཅིང་ འོན་ཀྱང་ཁོ་པས་དེར་ངོས་ལེན་རྩ་བ་ནས་བྱས་མེད་པ་རེད། བལ་ཡུལ་གྱི་ཉེན་རྟོག་པས་ཤའ་ལྐོག་བསད་བཏང་པའི་ལས་དོན་གྱི་ནང་ལག་འབྲེལ་ཡོད་སྲིད་པའི་དྭོགས་གཞིའི་འོག་བལ་ཡུལ་གྱི་ཉེན་རྟོག་པ་ཞིག་འཇུ་བཟུང་བྱས་འདུག།