མཉམ་འབྲེལ་རྒྱལ་ཚོཌ་ཀྱི་སྡེ་ཚན་ཞིག་གིས་རྒྱ་ནག་ལ་སྐྱོན་བརྗོད།
2010.12.23
༄༅༎མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བཟའ་འབྲུ་ལས་དོན་ལྷན་ཁང་གིས་རྒྱ་ནག་གཞུང་གིས་བོད་དང་ནང་སོག་གི་ཞིང་འབྲོག་ས་ཁུལ་ནང་རྩྭ་ཐང་བེད་སྤྱོད་བྱ་ཕྱོགས་ཀྱི་སྲིད་ཇུས་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལས་འགལ་བའི་སྲིད་ཇུས་ལག་བསྟར་ཡིན་པའི་སྐོར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བཟའ་འབྲུ་ལས་དོན་ལྷན་ཁང་གི་དམིགས་བསལ་རྟོགས་ཞིབ་སྐུ་ཚབ་ཨོ་ལི་ལྦར་ཤུ་ཀྲར་ནས་རྒྱ་ནག་ནང་བཟའ་བཅའི་ཐོབ་ཐང་གི་གནས་སྟངས་སྐོར་ཉིན་དགུའི་རིང་གཟིགས་སྐོར་རྟོགས་ཞིབ་ཏུ་ཕེབས་ཡོད་པ་རེད་
ཁ་ས་གཟིགས་སྐོར་མཇུག་བསྒྲིལ་མཚམས་རྒྱ་ནག་གི་ཞིང་འབྲོག་ས་ཁུལ་ནང་མང་ཚོགས་ཀྱི་བཟའ་བཅའི་གནས་སྟངས་སྐོར་སྙན་ཐོ་འདོན་སྤེལ་གནང་ཡོད་ཅིང་དེའི་ནང་རྒྱ་ནག་གཞུང་གིས་བོད་དང་ནང་སོག་གི་ཞིང་འབྲོག་ས་ཁུལ་ནང་འབྲོག་པ་ཚོའི་སྲོལ་རྒྱུན་གྱི་ལམ་ལུགས་ལ་བརྩི་མེད་བཏང་ཏེ་བཙན་ཤེད་ཀྱི་སྒོ་ནས་རྩྭ་ཐང་ལ་ར་བ་བསྐོར་བ་དང་ལྷག་པར་དུ་ཞིང་འབྲོག་མི་མང་གྲོང་ཁྱེར་ནང་གནས་སྤོ་བྱེད་པ་དང་ ཆབས་ཅིག་ཞིང་ས་གྲོང་ཁྱེར་དུ་འགྱུར་བའི་སྲིད་ཇུས་བཅས་ལ་རྐྱེན་པས་ད་ཆ་ས་ཞིང་འདེབས་ལས་ཀྱི་ས་ཁྱོན་ཉུང་དུ་སོང་ཏེ་ཞིང་འབྲོག་ས་ཁུལ་ནང་མང་ཚོགས་ཀྱི་བཟའ་བཅའི་གནས་སྟངས་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་གནས་ལུགས་གསལ་འདོན་གནང་ཡོད་པ་རེད་
གོང་གསལ་སྙན་ཐོ་དེའི་ནང་འཁོད་པར་གཞིགས་ན་༡༩༩༧ནས་བཟུང་རྒྱ་ནག་གཞུང་གིས་གྲོང་ཁྱེར་རྒྱ་སྐྱེད་ཀྱི་ལས་གཞིའི་འོག་ས་ཞིང་འདེབས་ལས་ཀྱི་ས་ཁྱོན་ཧེཀ་ཀྲར་ས་ཡ་༨ལྷག་ཉུང་དུ་སོང་ཡོད་པ་དང་དེས་རྐྱེན་པས་མི་མང་ཁྲོད་བཟའ་རིགས་ཀྱི་དཀའ་ངལ་ཆེན་པོ་ཆགས་ཡོད་པ་མ་ཟད་དཀའ་ངལ་ཇེ་ཆེར་འགྲོ་ངེས་དང་དེ་བཞིན་ཡང་ཞིང་འབྲོག་ས་ཁུལ་ནས་མི་མང་རྒྱ་ཕྲག་མང་པོ་བཙན་ཤེད་ཀྱིས་གྲོང་ཁྱེར་རུ་གནས་སྤོ་བྱེད་དུ་བཅུགས་ཀྱང་ཞིང་འབྲོག་གི་སྲོལ་རྒྱུལ་ལ་བརྟེན་པས་འབྲོག་པ་ཚོར་ཤེས་ཡོན་དང་ལག་ཤེས་ལ་སོགས་པའི་མཚོ་བརྟེན་གྱི་ལག་ཤེས་སྦྱོང་བརྡར་མེད་པར་སོང་གྲོང་ཁྱེར་ནང་ལས་ཀའི་གོ་སྐབས་མེད་པར་བཟའ་བཅའི་དཀའ་ངལ་ཤིན་ཏུ་ཆེ་བའི་སྐོར་གསལ་འདོན་གནང་འདུག མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྙན་དེའི་ནང་བཀོད་པར་རྒྱ་ནག་གཞུང་གིས་ས་ཞིང་བདེ་སྤྱོད་བྱ་ཕྱོགས་ཀྱི་སྲིད་ཇུས་ལ་རྐྱེན་པས་ཞིང་འབྲོག་དང་གྲོང་ཁྱེར་ཁག་ནང་མང་ཚོགས་ལ་བཟའ་བཅའ་གནས་སྟངས་ཐད་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་དེ་བཟའ་བཅའི་ཐོབ་ཐང་ཆ་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་བཏང་བ་ཡིན་བ་ཡིན་པའི་སྐོར་སྐྱོན་བརྗོད་བྱས་འདུག་༎