མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་རྒྱ་ནག་སོགས་སུ་འཚམས་འདྲི།
2010.10.20
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་ཕའར་ཧཀ་ཡིས་གསར་འགོད་པར་འགྲེལ་བརྗོད་གནང་དོན་ལ་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་རྒྱ་ནག་དང་ ཐའེ་ལན་ ཁམ་སྦོ་ཌི་ཡ་ ལྦིཏ་ནམ་བཅས་ཡུལ་གྲུ་བཞིའི་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་ཞིང་ ཐའེ་ལན་དུ་ཕྱི་ཚེས་༢༦ཉིན་ཕེབས་ནས་དེ་ཉིན་ཐའེ་ལན་གྱི་སྲིད་བློན་དང་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་བའི་རྗེས་ དེའི་ཉིན་ཁམ་སྦོ་ཌི་ཡར་ཕེབས་རྒྱུ་ཡིན་པ་དང་ ཁམ་སྦོ་ཌི་ཡའི་ནང་ཕེབས་པའི་རིང་ ཡུལ་དེའི་རྒྱལ་པོ་དང་སྲིད་བློན་སོགས་དང་མཇལ་འཕྲད་གནང་རྒྱུ་མ་ཟད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡུལ་དེའི་ནང་སྤེལ་བཞིན་པའི་ལས་འཆར་ཁག་གི་ཐོག་ལ་ཡང་གཟིགས་ཞིབ་གནང་འཆར་ཡོད་པ་རེད་
ཕྱི་ཚེས་༢༨ཉིན་སྤྱི་ཁྱབ་དྲུང་ཆེ་མཆོག་ལྦིཏ་ནམ་ནང་ཚོགས་རྒྱུའི་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུའི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་རྒྱུ་དང་ ལྷན་ཚོགས་ཐོག་དྲུང་ཆེ་མཆོག་ནས་ འབར་མ་དྲག་པོའི་གཞུང་གིས་འཛིན་བཟུང་དོ་དམ་བྱེད་བཞིན་པ་ལྕམ་ཨང་སང་སུའུ་ཀིས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་རྒྱུ་ཡིན་འདུག ཕྱི་ཚེས་༣༠ཉིན་དྲུང་ཆེ་མཆོག་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧད་དུ་འཛམ་གླིང་དངོས་མང་འགྲེམས་སྟོན་གྱི་མཇུག་སྒྲིལ་མཛད་སྒོར་ཞུགས་རྒྱུ་དང་ དེ་རྗེས་རྒྱ་ནག་གི་གྲོང་ཁྱེར་ནན་ཅིང་དང་པེ་ཅིན་དུ་ཕེབས་ནས་རྒྱ་ནག་གི་དཔོན་རིགས་ཚོ་དང་མཇལ་འཕྲད་གནང་འཆར་ཡོད་ཅིང་ ད་རེས་དྲུང་ཆེ་མཆོག་རྒྱ་ནག་དུ་ཕེབས་པ་དང་རྒྱ་ནག་གཞུང་གིས་ནོར་ལྦེ་ཞི་བདེའི་གཟེངས་རྟགས་རྒྱ་ནག་གི་ཆབ་སྲིད་བཙོན་པ་ཞིག་ལ་འབུལ་བ་དེར་ཁོང་ཁྲོ་ཆེན་པོ་བྱེད་པའི་དུས་སྐབས་ཤིག་ཡིན་པར་བརྟེན་ནས་མི་རྣམས་ཀྱི་དེའི་ཐོག་དྲུང་ཆེ་མཆོག་གི་རྣམ་འགྱུར་གང་འདྲ་འཛིན་མིན་ལ་དོ་སྣང་བྱེད་བཞིན་ཡོད་པ་དང་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་མཆོག་ནས་ནོར་ལྦེ་ཞི་བདེའི་གཟེངས་རྟགས་རྒྱ་ནག་གི་རྩོམ་པ་པོ་ལིའུ་ལ་ཐོབ་པ་དེའི་ཐོག་ནས་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་ལ་དོ་སྣང་དང་བྱེད་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་མཚོན་རྟགས་ཡིན་པ་གསུང་འདུག