བལ་ཡུལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་མུ་མཐུད་གནས་སྲིད།
2010.01.15
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་གྱིས་བལ་ཡུལ་ནང་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་མུ་མཐུད་བལ་ཡུལ་ནང་དུ་གནས་རྒྱུར་བསྐྱར་དུ་དུས་འགྱངས་གནང་རྒྱུའི་དགོངས་གཞི་གནང་གི་ཡོད་པ་རེད།
དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཏོན་གནང་བའི་གནས་ཚུལ་ཞིག་གི་ནང་དུ། སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་མཆོག་གིས་བལ་ཡུལ་ནང་གི་ཆབ་སྲིད་ཀྱི་གནས་བབ་ལ་ཧ་ཅང་གི་ཐུགས་འཚབ་ཡོད་པ་དང། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བལ་ཡུལ་གྱི་ཆབ་སྲིད་གནས་སྟངས་བརྟན་ལྷིང་ཡོང་ཐབས་སུ་འགྲིག་མཐུན་གནང་བར་ཆེད་བཙུགས་གནང་བའི་སྐུ་ཚབ་རྣམས་ཀྱི་དུས་ཡུན་གྱི་ལོ་དུས་རྫོགས་འགྲོ་གི་ཡོད་ཀྱང་མུ་མཐུད་དུས་འགྱངས་གནང་དགོས་པའི་དགོངས་གཞི་གནང་གི་ཡོད་པ་དེ་ནི། ཁོང་གི་ངོས་ནས་མ་འོངས་པའི་ཟླ་བ་འགའ་ཤས་ནི་བལ་ཡུལ་རྒྱལ་ཁབ་ཞི་བདེའི་ཕྱོགས་སུ་མདུན་བསྐྱོད་བྱ་རྒྱུའི་འགག་རྩའི་དུས་སྐབས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་གསུངས་ཏེ་འགག་རྩའི་དུས་སྐབས་དེའི་རིང་ལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱི་རྒྱབ་སྐྱོར་དང་བལྟ་ཞིབ་དགོས་ངེས་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད། དེ་སྔ་འདས་པའི་མི་ལོ་བཅུའི་རིང་བལ་ཡུལ་གཞུང་དང་མའོ་གྱེན་ལོག་ཤོག་ཁག་བར་རྒྱལ་ནང་དམག་འཁྲུགས་རྒྱབ་སྟེ་ཆབ་སྲིད་བརྟན་ལྷིང་མེད་པའི་གནས་སྐབས་ཛ་དྲག་བྱུང་བའི་རྗེས་ཕྱི་ལོ་༢༠༠༦ལོར་དམག་འཐབ་མཇུག་སྒྲིལ་ཡོད་ཀྱང་ད་དུང་ཆབ་སྲིད་ཀྱི་དཀའ་ངལ་མུ་མཐུད་གནས་མུས་ཡིན་པར་བརྟེན་ཕྱི་ལོ་༢༠༠༧ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བལ་ཡུལ་རྒྱལ་ཁབ་དེ་བཞིན་ཞི་བདེའི་ཐོག་མདུན་བསྐྱོད་བྱ་མིན་ཐོག་ལ་རྟོགས་ཞིབ་བྱ་རྒྱུའི་ཆེད་དུ་དམིགས་བསལ་སྐུ་ཚབ་གསར་འཛུགས་གནང་བ་ཞིག་ཡིན་པ་དང། དམིགས་བསལ་སྐུ་ཚབ་ཀྱི་དུས་ཡུན་དེ་ཟླ་བ་འདིའི་ཕྱི་ཚེས་༢༣ཉིན་དུས་བཀག་ཟིན་གྱི་ཡོད་ཀྱང། བལ་ཡུལ་གཞུང་གིས་འདི་ལོའི་ཕྱི་ཟླ་ལྔ་པའི་ཚེས་༡༥བར་དུས་འགྱངས་ཡོང་བའི་རེ་འདུན་ཞུ་གི་ཡོད་པ་ལྟར་ཉིན་ཤས་རྗེས་ལ་དུས་འགྱངས་བྱ་མིན་གྱི་གནད་དོན་དེའི་ཐོག་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་ཚོས་འོས་ཤོག་འཕེན་ཏེ་མང་མོས་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།།