བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་བ་རྣམས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་འབྱོར་བ།

2024.12.31
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་བ་རྣམས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་འབྱོར་བ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་བ་རྣམས། ༢༠༢༤།༡༢།༣༠ ཉིན།
TYC-fb

ཟླ་བ་འདིའི་ཚེས་ ༣༠ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱ་གར་རྒྱལ་ཡོངས་བོད་དོན་ཞུ་གཏུག་གི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་བ་རྣམས་སྦེ་ལ་ཀོ་པི་བོད་མིའི་གཞིས་ཆགས་སུ་འབྱོར་སྐབས། ས་གནས་ཀྱི་ཚོགས་སྡེ་ཁག་ནས་གུས་བསུ་སྣེ་ལེན་ཟབ་རྒྱས་གནང་ཞིང་། འདི་ཚེས་ ༣༡ ཉིན་སྦེ་ལ་ཀོ་པི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་དུ། སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁུངས་ཀྱི་ས་གནས་འགོ་འཛིན་རྣམ་པ་གཙོས་པའི་ས་གནས་ཚོགས་སྡེ་ཁག་གཅིག་དང་མི་མང་ཁག་ཅིག་འདུ་འཛོམས་ཐོག་མཛད་སྒོ་ཞིག་འཚོགས་ཡོད་པ་དེའི་ཐོག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས། རྒྱ་ནག་གཞུང་གིས་བོད་ནང་གནས་བཞུགས་བོད་མི་སེར་སྐྱ་མི་ཚོགས་རྣམས་ལ་གདུག་རྩུབ་དྲག་གནོན་གྱིས་བོད་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་སྤེལ་བཞིན་པ་དེ། མཚམས་འཇོག་ཡོང་རྒྱུ་སོགས་ཀྱི་ཆེད་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བ་ཞིག་ཡིན་ཞིང་། བོད་ནང་གི་བོད་མི་རྣམས་ནི་བཙན་བྱོལ་བོད་མིའི་འཐབ་རྩོད་ཀྱི་མ་རྩ་རེད་ཅེས་གསུངས་སོང་།

471856090_643775571305906_8765327930742520137_n.jpg
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་བ་རྣམས་ལ་རྒྱ་གར་ལྷོ་ཕྱོགས་བོད་མི་རྣམས་ནས་དགའ་བསུ་ཞུ་བཞིན་པ། ༢༠༢༤།༡༢།༣༠ ཉིན།

ཁོང་གིས་མུ་མཐུད། བོད་ཀྱི་གཞོན་ནུའི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་བ་རྣམས་ནས་འཕགས་བོད་གཉིས་ཀྱི་ས་མཚམས་འབུམ་ལ་ནས་འགོ་འཛུགས་ཀྱིས། ད་བར་ཉིན་གྲངས་ ༤༡ རིང་རྒྱ་གར་མངའ་སྡེ་ཁག་ ༡༡ ནང་བོད་དོན་དྲིལ་བསྒྲགས་ཀྱི་འགུལ་སྤེལ་བའི་བརྒྱུད། བོད་མི་ལས་འགུལ་བ་རྣམས་ནས་དཀའ་ངལ་དུ་མ་གདོང་ལེན་གིས་བློས་གཏོང་ཆེན་པོ་གནང་ཡོད་པས། བོད་མི་རྣམས་ནས་ལང་ཕྱོགས་གང་ཡིན་ལ་མ་ལྟོས་པར་བོད་དོན་འཐབ་རྩོད་ཀྱི་ཐོག་ཆིག་སྒྲིལ་གྱིས་ནུས་པའི་སྤུངས་དགོས་གལ་ཆེ་བ་ཡིན་ཞེས་གསུངས་སོང་།

རྩ་བའི་ཐེངས་འདིར་བོད་ཀྱི་གཞོན་ནུའི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེའི་ནང་དངོས་སུ་མཉམ་ཞུགས་གནང་མཁན་ས་གནས་ཁག་བདུན་ནས་མི་གྲངས་ ༡༢ བྱུང་ཡོད་པའི་ཁོངས་ནས། བོད་མི་ལས་འགུལ་བ་གཉིས་ལ་སྦག་སྦག་རྡབ་སྐྱོན་གྱི་དཀའ་ངལ་འཕྲད་པ་ལས་གཅིག་ངལ་གསོ་བསྐྱོན་བཞིན་པ་དང་། གཞན་ཚེ་དབང་རྒྱལ་པོ་ལགས་ནས་མུ་མཐུད་ལས་འགུལ་དེ་སྣེ་ཁྲིད་ཀྱིས་མཇུག་སྐྱོང་གནང་བཞིན་ཡོད་པ་རེད་འདུག

བོད་ཀྱི་གཞོན་ནུའི་སྦག་སྦག་སྐོར་སྐྱོད་པ་རྣམས་ནས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེ་ནང་ནས་བོད་མིའི་གཞིས་ཆགས་ཐོག་མར་ཀོ་ལེ་གྷལ་དང་དེ་ནས་སྦེ་ལ་ཀོ་པི། དེ་རྗེས་ཧོན་སུར་དང་མོན་གྷོ་བཅས་ཀྱི་ནང་རིམ་པས་སྐོར་སྐྱོད་གནང་འཆར་ཡོད་པ་རེད་འདུག

གསར་འགོད་པ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎