རྒྱ་གར་ནས་ཕྱིར་བོད་ལ་ལོག་མཁན་བོད་མི་གཉིས་བཙོན་འཇུག།
2009.07.15
༄༅༎རྒྱ་གར་ནས་བོད་ནང་ཕྱིར་ལོག་བྱེད་མཁན་བོད་མི་ན་གཞོན་གཉིས་རྒྱ་མིའི་ཉེན་སྲུང་གིས་འཛིན་བཟུང་བྱས་ནས་བཙོན་ཁང་ནང་ཉེས་རྡུང་ཚོད་མེད་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
བོད་ཤར་ཕྱོགས་བདེ་ཆེན་རང་སྐྱོང་ལྗོངས་ནས་ཡིན་པའི་བོད་རིགས་ན་གཟོན་བདེ་དགའ་དང་ཚུལ་ཁྲིམས་གཉིས་འདི་ལོ་ཕྱི་ཟླ་བཞི་པའི་ནང་རྒྱ་གར་ནས་བལ་ཡུལ་བརྒྱུད་ཕྱིར་བོད་ནང་ལོག་སྐབས་རྒྱ་ནག་གི་ས་མཚམས་ཉེན་སྲུང་བས་འཛིན་བཟུང་གིས་བཙོན་འཇུག་བྱས་ཡོད་པ་མ་ཟད་ཉེས་རྡུང་ཚོད་མེད་བཏང་ཡོད་ལུགས་རྒྱ་སྐད་ཀྱི་དྲ་རྒྱ་སྦོ་ཛུམ་ཞེས་པའི་ནང་གནས་ཚུལ་སྤེལ་ཡོད་འདུག
རྒྱ་གར་ནང་སློབ་གཉེར་བྱེད་བཞིན་པའི་བདེ་དགའ་དང་ཚུལ་ཁྲིམས་གཉིས་འདི་ལོ་ཕྱི་ཟླ་གཉིས་པའི་ནང་བལ་ཡུལ་བརྒྱུད་རང་ཡུལ་དུ་ཕྱིར་ལོག་བྱེད་སྐབས་ས་མཚམས་སུ་རྒྱ་ནག་གི་ཉེན་སྲུང་བས་སྐབས་དེར་བོད་མི་གཞོན་སྐྱེས་ཕར་འགྲོ་ཚུར་འགྲོ་བྱེད་རྒྱུར་གཞུང་གིས་བཀག་སྡོམ་བྱས་ཡོད་ལུགས་བརྗོད་དེ་མ་བཏང་བར་བརྟེན་དོ་བདག་གཉིས་བལ་ཡུལ་ནང་ཕྱིར་ལོག་གིས་ཕྱི་ཟླ་བཞི་པའི་ནང་ཡང་བསྐྱར་ཕྱིར་ལོག་བྱེད་སྐབས་ཉེན་སྲུང་མི་སྣས་ཁོང་གཉིས་ཀྱི་ཕྱོགས་བསྐྱོད་ལག་འཁྱེར་གྱི་ཐོངས་མཆན་གྱི་དུས་ཚོད་རྫོགས་ནས་ཉིན་གྲངས་བཅོ་ལྔ་ཕྱིན་ཡོད་ལུགས་བརྗོད་དེ་ས་མཚམས་སུ་འཛིན་བཟུང་གིས་གཞི་ཀ་རྩེར་བཙོན་འཇུག་གིས་ཉི་མ་མང་པོའི་རིང་འདྲི་བརྩད་སྐབས་ལྟོ་བ་དང་ཕོ་ཚན་ལ་གློག་རྒྱུག་བཏང་བ་སོགས་ཉེས་རྡུང་ཚོད་མེད་བཏང་ཡོད་འདུག བདེ་དགའ་དང་ཚུལ་ཁྲིམས་གཉིས་བལ་ཡུལ་ནང་མ་ཐོན་གོང་སོ་སོའི་ནང་ལ་ཁ་དཔར་བཏང་ཡོད་ཀྱང་ནང་ལ་མ་འབྱོར་བར་བརྟེན་བརྩད་གཅོད་བྱེད་སྐབས་གཞི་ཀ་རྩེར་བཙོན་འཇུག་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག བདེ་དགའི་ཨ་མས་བུ་མཐོང་ནས་ཧ་ལས་ནས་དྲན་མེད་འགྱེལ་ཡོད་འདུག ཨ་མས་དངུལ་སྤྲད་དེ་བུ་བཙོན་ཁང་ནས་གློད་བཀྲོལ་གྱིས་ད་ལྟ་ཡུན་ནན་ཞིང་ཆེན་གྱི་ཀུན་མིང་གྲོང་ཁྱེར་ནང་སྨན་བཅོས་བྱེད་ཀྱི་ཡོད་འདུག གོང་ཞུས་དྲ་རྒྱས་ཁུངས་ལྡན་མི་སྣས་འགྲེལ་བརྗོད་བྱས་པ་ལྟར་ན་བདེ་དགའི་ཚེ་སྲོག་ལ་བར་ཆད་མེད་ཀྱང་རྗེས་སུ་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཡོད་སྐོར་སྨན་པས་གསུངས་ཡོད་འདུག དེའི་དབར་ལ་ཚུལ་ཁྲིམས་ཀྱི་ནང་མི་ཁོང་གློད་འགྲོལ་ཆེད་ཡོང་གི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག ཡང་དྲ་རྒྱ་དེའི་ནང་གསལ་བར་གཞིགས་ན་གོང་ཞུས་གཞིས་ཀ་རྩེའི་བཙོན་ཁང་ནང་བོད་ནང་ཕྱིར་བྲོས་བྱོལ་བྱེད་མཁན་དང་རྒྱ་གར་ནས་ཕྱིར་ལོག་སྐབས་འཛིན་བཟུང་བྱས་པ་མང་པོ་ཡོད་འདུག།