རྡོ་རྗེ་གདན་གྱི་འབར་རྫས་དང་འབྲེལ་ཡོད་མི་གཉིས་འཛིན་བཟུང་བྱས་འདུག
2018.02.02
ཉེ་ལམ་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གིས་གསུང་ཆོས་གནང་སྐབས་བྱུང་བའི་འབར་རྫས་ཀྱི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་བྷང་ལ་དྷེ་ཤེའི་དྲག་སྤྱོད་སྒྲིག་འཛུགས་ཀྱི་ཚོགས་མི་གཉིས་འཛིན་བཟུང་བྱས་འདུག
དེ་ཡང་འདི་ཚེས་༢་ཉིན་རྒྱ་གར་གྱི་བང་ཆེན་གསར་ཤོག་(Indian Express)ཞེས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཇ་མ་ཏུལ་ མུ་ཇ་ཧི་དྷི་བྷང་ལ་དྷེ་ཤེ་(Jamatul Mujahidin Bangladesh)་ཞེས་པའི་དྲག་སྤྱོད་སྒྲིག་འཛུགས་ཀྱི་ཚོགས་མི་ཡིན་པ་རང་ལོ་༢༤ལ་སླེབས་པའི་པའེ་གྷམ་བྷར་ཤེཁ་(Paigamber Sheikh)་དང་། རང་ལོ་༣༡ལ་སླེབས་པའི་ ཇ་མི་རུལ་ ཤེཁ་(Jamirul Sheikh)་གཉིས་ཕྱི་ཟླ་དང་པའི་ཚེས་༡༩་ཉིན་རྒྱ་གར་རྡོ་རྗེ་གདན་གྱི་གྱི་འབར་རྗས་ཀྱི་དོན་རྐྱེན་དང་འབྲེལ་བའི་ཡོད་དོགས་གཞིའི་འོག་ཀོལ་ཀ་ཏའི་(Kolkata)དམིགས་བསལ་ཉེན་སྲུང་ཚན་པས་འཛིན་བཟུང་བྱས་ཡོད་པ་ཉེན་སྲུང་སྤྱི་ཁྱབ་གཞོན་པ་ མུརླི་དྷར་ཤརྨ་(Mulidhar Sharma) ཡིས་གསུངས་གནང་འདུག
གནས་ཚུལ་ནང་། པའེ་གྷམ་བྷར་ ཤེཁ་(Paigamber Sheikh)་རང་ཉིད་སྡོད་གནས་ མུརྴི་དྷ་བྷདྷ་(Murshidabad) གྱི་ཀནྐུ་རི་འ་(Kanburia) གྲོང་གསེབ་ནང་འཛིན་བཟུང་བྱས་ཡོད་ཅིང་ས་གནས་དེ་གའི་ར་ཏཔྣུར་(Ratanpur)གྲོང་གསེབ་ནས་ཡིན་པའི་ ཇ་མི་རུལ་ ཤེཁ་(Jamirul་Sheikh)རྡོ་རྗེ་གླིང་གི་ཕནྶི་དྷེ་ཝ་(Phansideva)ཞེས་པའི་ས་གནས་སུ་འཛིན་བཟུང་བྱས་ཡོད་འདུག
འཛིན་བཟུང་དེ་བཞིན་མུརྴི་དྷ་བྷདྷ་དང་སི་ལི་གྷུ་རི་(Siliguri)་རྡོ་རྗེ་གླིང་བཅས་ཀྱི་ཉེན་སྲུང་མི་སྣས་མཉམ་རུབ་ཀྱིས་བྱས་ཡོད་ལུགས་གོང་ཞུས་ཉེན་སྲུང་སྤྱི་ཁྱབ་གཞོན་པ་ མུརླི་དྷར་ཤརྨ་(Mulidhar Sharama)ཡིས་གསུངས་གནང་འདུག།
གསར་འགོད་པ་ཀརྨ་རྒྱ་མཚོ།