ཀན་ལྷོ་རྒན་གྱ་ནས་བོད་མི་གཉིས་འཇུ་བཟུང་བྱས་འདུག
2015.04.30

རྒྱ་ནག་གཞུང་གིས་བསང་ཆུ་རྫོང་རྒན་གྱའི་རྩྭ་ས་འཕྲོག་པར་ངོ་རྒོལ་དང་འབྲེལ་ནས་ཉེ་ཆར་ས་གནས་བོད་མི་གཉིས་འཇུ་བཟུང་བྱས་འདུག
དེ་ཡང་བོད་ནས་གནས་ཚུལ་ཁུངས་ལྡན་འབྱོར་གསལ་ལྟར་ན། ཟླ་འདིའི་ཚེས་མགོ་ཙམ་ནས་མདོ་སྨད་བསང་ཆུ་རྫོང་རྒན་གྱ་ཡུལ་ཚོའི་རིན་ཆེན་སྡེ་པའི་རྩྭ་ཐང་ཐོག་རྒྱ་ནག་གིས་གཞུང་ལམ་གསར་རྒྱག་བྱས་པར། སྡེ་པ་དེའི་མང་ཚོགས་ཚོས་ཕྱུག་ཟོག་འཚོ་སའི་རྩྭ་ཐང་ཐོག་གཞུང་ལམ་བཟོས་ན། མང་ཚོགས་ཀྱི་འཚོ་རྟེན་ལ་གནོད་སྐྱོན་ཐེབས་ཀྱི་ཡོད་པས། གལ་སྲིད་ལམ་ཁ་བཟོ་དགོས་ན་ས་གནས་མི་མང་ལ་གུན་གསབ་སྤྲོད་དགོས་ཞེས་ངོ་རྒོལ་བྱས་ཡོད་པ་དང་། ཟླ་༤པའི་ཚེས་༢༧ཉིན་མདོ་སྨད་བླ་བྲང་བསང་ཆུ་རྫོང་རྒན་གྱ་རིན་ཆེན་སྡེ་པའི་བོད་མི་བསོད་ནམས་རྒྱ་མཚོ་ལགས་དང་། སངས་རྒྱས་མཁར་ལགས་གཉིས་རྒྱ་གཞུང་གིས་དོ་དམ་འཛིན་བཟུང་བྱས་ཡོད་པ་དང་། དེ་ནས་ཕྱི་ཚེས་༢༨་ཉིན་སླར་ཡང་སྡེ་མི་བཞི་སྲིད་གཞུང་ལ་ཡོང་དགོས་པའི་བརྡ་འབྱོར་བྱུང་སྟབས་ཁོང་ཚོ་འཛིན་བཟུང་དོ་དམ་བྱེད་སྲིད་པར་ས་གནས་བོད་མི་སེམས་འཚབ་བྱེད་བཞིན་ཡོད་པ་རེད། ཟླ་བ་འདིའི་ཚེས་ཤར་ཙམ་ནས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་རྒན་གྱ་རིན་ཆེན་རང་བྱུང་གྲོང་ཚོའི་རྩྭ་ཐང་ཐོག་རིང་ཐུང་སྤྱི་ལེ་གཉིས་ཙམ་ཡོད་པའི་གཞུང་ལམ་གསར་བྱ་རྒྱུའི་རྒྱ་ནག་གཞུང་ཕྱོགས་ཀྱིས་འཆར་གཞི་ལྟར་ད་ཆ་དངོས་སུ་གཞུང་ལམ་གསར་རྒྱག་བྱེད་བཞིན་ཡོད་ཙང་དེས་ས་གནས་མང་ཚོགས་ཀྱི་འཚོ་བར་ཐད་ཀར་དོ་ཕོག་ཡོང་རྒྱུ་ཡིན་ཞིང་། དེར་བརྟེན་ས་གནས་མང་ཚོགས་ཀྱིས་དཀའ་ངལ་དེ་ས་གནས་དཔོན་རིགས་ལ་ཞུ་གཏུགས་བྱས་ཡོད། ཡིན་ནའི་ས་གནས་དཔོན་རིགས་ཚོས་དེའི་ཐད་ཡ་ལན་གང་ཡང་མ་བྱས་སྟབས་ས་གནས་མི་མང་ཚོས་དཀའ་ངལ་དེ་གོང་རིམ་ལས་ཁུངས་ལ་ཞུ་རྩིས་བྱས་པའི་གནས་ཚུལ་དེ་དང་འབྲེལ་ནས་གོང་གསལ་བོད་མི་དེ་གཉིས་འཛིན་བཟུང་བྱས་པ་ཞིག་ཡིན་པ་རེད།
ས་གནས་དེར་འབྲོག་པ་ཁྱིམ་ཚང་༡༣༢་དང་ཁྱོན་མི་གྲངས་༦༨༩་ཙམ་ཡོད་པ་དང་། རྩ་བས་ཁུལ་དེར་རྩྭ་ཐང་རྒྱ་ཆེན་པོ་མེད་པའི་ཁར་སྲིད་གཞུང་གིས་གཞུང་ལམ་གསར་རྒྱག་བྱེད་བཞིན་པ་དེས་གྲོང་ཚོའི་རྩྭ་ཐང་ཨེ་ཀར་དྲུག་བདུན་ཙམ་གཞུང་ལམ་འོག་ཚུད་ཡོད་པ་རེད། དེར་བརྟེན་གྲོང་ཚོའི་ཡུལ་མི་ཐོུང་ནས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་བཞི་འཁོད་པའི་སྙན་ཞུ་ཕུལ་བ་དང་འབྲེལ་མུ་མཐུད་རེ་འབོད་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་བློ་བྷེ་དང་འཇམ་དཔལ་ཕུན་ཚོགས།