བོད་ཀྱི་བུད་མེད་ལྷན་ཚོགས་ནས་བོད་ནང་གི་བོད་ཕྲུག་དང་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་འགོ་འཛུགས།
ཟླ་ ༡༡ ཚེས་ ༡༤ ཉིན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་ལ་གཏོར་སྐྱོན་དང་བོད་ཕྲུག་རྣམས་གཏན་འཇགས་སློབ་གྲྭར་བཙན་གྱིས་བཅུག་བཞིན་པའི་གནས་སྟངས་དང་འབྲེལ། བདུན་གཅིག་གི་བོད་དོན་དྲིལ་བསྒྲགས་ཀྱི་སྐོར་སྐྱོད་ལས་འགུལ་ཞིག་དབུ་འཛུགས་གནང་སོང་བ་དང་། ལས་འགུལ་དབུ་འཛུགས་སྐབས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་ཚེ་རིང་ལགས་ནས། བོད་དོན་སྐོར་བསྐྱོད་ཀྱི་ལས་འགུལ་དེ་དང་འབྲེལ་རྒྱ་གར་གཞུང་དམངས་གཉིས་ནས་རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་ལ་གཏོར་སྐྱོན་དང་བོད་ཕྲུག་རྣམས་གཏན་འཇགས་སློབ་གྲྭ་བཙན་བཅུག་བྱེད་བཞིན་པའི་གནད་དོན་ཐད་གླེང་སློང་དགོས་པ་སོགས་འཁོད་པའི་དོན་ཚན་གསུམ་ཅན་གྱི་བསྒྲགས་གཏམ་ཞིག་སྒྲོག་སྦྱང་ཞུས་སོང་བ་དང་། སྐོར་སྐྱོད་དེ་བཞིན་རྒྱ་གར་གཞུང་མང་གཉིས་ལ་བོད་དོན་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཆེད་ཡིན་དོན་ནི། རྒྱ་གར་དང་རྒྱ་ནག་གི་འབྲེལ་ལམ་ཐད་རྒྱ་གར་གཞུང་ནས་བོད་དོན་ཐད་གླེང་སློང་གནང་གལ་ཆེ་བ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག

འདི་ག་གསར་འགོད་པས་སྐོར་བསྐྱོད་དེའི་ནང་མཉམ་བཞུགས་གནང་མཁན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་སྒྲོལ་མ་ལགས་སུ་བཀའ་འདྲི་ཞུས་པར། ཁོང་ནས་ཐེངས་འདིར་བོད་དོན་དྲིལ་བསྒྲགས་སྐོར་བསྐོད་འདིའི་ནང་མཉམ་ཞུགས་བྱ་རྒྱུ་བྱུང་བ་ནི་བསོད་ནམས་ཆེན་པོ་ཞིག་དང་གོ་སྐབས་བཟང་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཐེངས་འདིའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་བོད་དོན་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འཛུགས་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ནས་ཀྱང་མཉམ་ཞུགས་གནང་འདུག་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས། ཚོགས་སྡེ་ཁག་ནས་བོད་དོན་ལས་འགུལ་གང་མང་སྤེལ་རྒྱུ་གལ་ཆེ་ཡིན་ཞིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཀྱང་ཟླ་ ༡༡ ཚེས་ ༢༢ ཉིན་ཧིན་བོད་ས་མཚམས་བུམ་ལ་པ་སི་ནས་རྒྱ་གར་མངའ་སྡེ་ཉི་ཤུ་བརྒྱུད་རྒྱ་གར་རྒྱལ་ས་ལྡི་ལི་བར་བཅས་ཟླ་གཉིས་རིང་སྦག་སྦག་སྐོར་བསྐྱོད་ཀྱི་ལམ་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག
རྩ་བའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་བོད་དོན་སྐོར་སྐྱོད་ཀྱི་ལས་འགུལ་དེ་བཞིན་འདི་ཚེས་ ༡༤ སྟེ་རྒྱ་གར་ནང་བྱིས་པའི་ཉིན་མོ་དང་། ཟླ་འདིའི་ཚེས་ ༢༠ སྟེ་རྒྱལ་སྤྱིའི་བྱིས་པའི་ཉིན་མོ་བར་བཅས་བོད་ནང་གི་བོད་ཕྲུག་རྣམས་ཀྱི་གལ་གནད་གསལ་སྟོན་ཆེད་དུས་ཡུན་འདི་ལྟར་གཏན་འབེབས་གནང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག་ཅིང་། ལས་འགུལ་དེའི་ནང་བུད་མི་ལྷན་ཚོགས་ཀྱི་ཚོགས་མི་བདུན་ནས་མཉམ་ཞུགས་གནང་ཡོད་པ་དང་། བཞུགས་སྒར་རྡ་ས་ནས་རྒྱ་གར་རྒྱལ་ས་ལྡི་ལི་བར་སྐོར་བསྐྱོད་ཀྱི་ལས་གཞི་དེའི་བརྒྱུད་ལམ་བར་གྱི་ཡུལ་ལུང་ཁག་ཏུ་གཏམ་བཤད་དང་རྒྱ་གར་མང་ཚོགས་ཁྲོད་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།