བོད་ཁམས་དཀར་མཛེས་ཁུལ་དུ་མུ་མཐུད་དམ་བསྒྲགས།
2011.06.23
༄༅༎བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཁམས་དཀར་མཛེས་ཁུལ་རྒྱ་ནག་གཞུང་ནས་དམ་བསྒྲགས་བྱེད་རྒྱུ་མཚམས་འཇོག་དགོས་ལུགས་འབོད་སྐུལ་གནང་ཡོད་འདུག
འདི་ཚེས་ཉི་ཤུ་གསུམ་ཉིན་བཙན་བྱོལ་ནང་ཡོད་པའི་བོད་ཀྱི་བུད་མེད་ལྷན་ཚོགས་ནས་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། ཉེ་བའི་ཆར་ཨ་མདོ་ཀིརྟི་དགོན་པའི་ནང་རྒྱ་མིའི་ཉེན་རྟོག་པས་དགེ་འདུན་པ་ཁག་ཅིག་འཛིན་བཟུང་དོ་དམ་བྱས་ནས་ད་བར་གློད་བཀྲོལ་བཏང་མེད་པའི་ཁར་སླར་ཡང་ཁམས་དཀར་མཛེས་ཁུལ་བོད་མི་ཚོའི་ཐོག་དམ་བསྒྲགས་ཇེ་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་པ་རེད། དེ་ཡང་ཟླ་བ་འདིའི་ཚེས་དྲུག་དང་བདུན་གཉིས་སུ་དགེ་འདུན་པ་གསུམ་ལ་ཉེས་རྡུང་ཚད་མེད་བཏང་བ་དང་། དོ་དམ་བྱས་ཡོད་པ་དང་། དེ་བཞིན་འདི་ཚེས་བཅུ་བདུན་ཉིན་ཁངས་དཀར་དགོན་པའི་དགེ་འདུན་པ་རིན་ཆེན་རྒྱ་མཚོ་དང་། བླ་མ་ཚེ་རིང༌གཉིས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པར་ཤོག། བོད་རང་བཙན་ཡིན། བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་ཟེར་བའི་འབོད་ཚིག་སྒྲོགས་ནས་ངོ་རྒོལ་བྱས་པ་དང་། དེ་དང་ཕྱོགས་མཚུངས་དགོན་པ་གཞན་ཁག་ནས་ཀྱང་དགེ་འདུན་པ་ཚོས་ལས་འགུལ་སྤེལ་བ་བཅས་ལ་བརྟེན་ཁོང་རྣམས་ལ་རྒྱ་མིའི་ཉེན་རྟོག་པས་ཉེས་བརྡུང་བཏང་བ་དང་། དོ་དམ་བྱས་པའི་གནས་ཚུལ་བྱུང་ཡོད་པའི་སྐོར་དང་ཁོང་རྣམས་ཀྱི་མིང་ཡང་ལུང་གྲངས་བྱས་འདུག ཡང་བུད་མེད་ལྷན་ཚོགས་ཀྱི་སྤྱི་བསྒྲགས་དེའི་ནང་། གོང་ཞུས་གནས་ཚུལ་དེ་དག་ལ་གཞིགས་པའི་སྐབས་རྒྱ་ནག་གཞུང་ནས་དཀར་མཛེས་ཁུལ་དགོན་པའི་ནང་གི་དགེ་བཙུན་ཙམ་མ་ཡིན་པར་མི་མང་ཚོའི་ཐོག་ལའང་ཕྱི་ཕྱོགས་ལ་འགྲོ་རྒྱུར་བཀའ་འཁྲོལ་ཞུ་དགོས་པ་སོགས་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ། ལྷག་པར་དུ་སྨན་ཁང་ཁག་ལ་བརྟག་དཔྱད་དང་སྨན་བཅོས་ཆེད་བསྐྱོད་རྒྱུར་ཡང་ས་གནས་ལས་ཁུངས་ནས་ཆོག་ཆན་དང་། ཡང་ན་གཞུང་གི་ལས་བྱེད་མཉམ་དུ་མ་གཏོགས་འགྲོ་མི་ཆོག་པ་སོགས་ཀྱི་དམ་བསྒྲགས་བྱེད་ཀྱི་ཡོད་པ་བཅས་ལ་བརྟེན་ད་ཆ་བོད་ནང་གི་གནས་ཚུལ་ཛ་དྲག་པོ་དེའི་ཐོག་རྒྱ་ནག་གཞུང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཞུ་དགོས་པར་རྒྱལ་སྤྱིའི་ཐོག་ནས་གནོན་ཤུགས་སྤྲོད་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད་འདུག དེ་དང་ཕྱོགས་མཚུངས་རྒྱ་ནག་གཞུང་ལའང་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང་། ཉེས་རྡུང་དང་དམ་བསྒྲགས་བྱེད་རྒྱུ་མཚམས་འཇོག་དགོས་ལུགས་འབོད་སྐུལ་ཞུས་འདུག