འབྲས་ལྗོངས་ཁུལ་དུ་བོད་ཡིག་དར་སྤེལ་ཐད་ལག་རྗེས་ཆེན་པོ་ཡོད་མཁན་ཚེ་དབང་རྟ་མགྲིན་ལགས་འདས་གྲོངས་སུ་ཕྱིན་འདུག

2023.05.24
འབྲས་ལྗོངས་ཁུལ་དུ་བོད་ཡིག་དར་སྤེལ་ཐད་ལག་རྗེས་ཆེན་པོ་ཡོད་མཁན་ཚེ་དབང་རྟ་མགྲིན་ལགས་འདས་གྲོངས་སུ་ཕྱིན་འདུག ཚེ་དབང་རྟ་མགྲིན་ལགས།
སྤྱི་ཚོགས་དྲ་ལམ། དབུས་གཙང་རིག་མཛོད།

འབྲས་ལྗོངས་ཁུལ་དུ་བོད་ཀྱི་སྐད་ཡིག་དར་སྤེལ་ཐད་ལག་རྗེས་ཆེན་པོ་འཇོག་མཁན་དང་། འབྲས་ལྗོངས་༼བྱ་མ་རྟ༽ཞེས་པའི་གསར་ཤོག་ཐོག་མར་བོད་ཡིག་ནང་འགྲེམས་སྤེལ་སྐབས་ཀྱི་རྩོམ་སྒྲིག་པ་ཡིན་པ་ལོ་ཙཱ་བ་ཚེ་དབང་རྟ་མགྲིན་ལགས་ཕྱི་ཟླ་༥པའི་ཚེས་༢༢ཉིན་འབྲས་ལྗོངས་སྒང་ཏོག་གི་རང་ཁྱིམ་དུ་སྐུ་གྲོངས་ཡོད་པ་དང་། སྐབས་དེར་དགུང་གྲངས་བདུན་ཅུ་དོན་གྲངས་ནང་ཡིན་འདུག དེའི་ཐད་ཁོང་ལ་རྒྱུས་མངའ་ཡོད་པའི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་པ་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས། དམ་པ་ཁོང་ནི་སྔོན་མའི་འབྲས་ལྗོངས་མངའ་སྡེ་གཞུང་ནང་ཞབས་ཞུ་གནང་མཁན་བོད་པ་ཐོག་མའི་གྲས་དང་། ཁོང་གིས་ཕྱི་ལོ་༡༩༦༥ལོེར་ཐོག་མར་འབྲས་ལྗོངས་བྱ་མ་རྟ་བོད་ཡིག་གསར་ཤོག་འགྲེམས་སྤེལ་གྱིས་རྩོམ་སྒྲིག་པ་གནང་བའི་སྐོར་གསུངས་བྱུང་།
དམ་པ་ཚེ་དབང་རྟ་མགྲིན་ལགས་འབྲས་ལྗོངས་མངའ་སྡེ་གཞུང་གི་དྲུང་ཆེའི་ལས་རོགས་ཀྱི་ཕྱག་ལས་གནང་སྟེ་རྒན་ཡོལ་དུ་ཕྱིན་པའི་རྗེས་ནས། (Henrich Harrer)་ལགས་ནས་བརྩམས་པའི་ཧ་ཅང་རྒྱུགས་ཆེ་བའི་དཔེ་དེབ༼བོད་ནང་ལོ་བདུན་༽ཞེས་པ་དང་། ཕྲེང་རིང་རིན་ཆེན་སྒྲོལ་མ་ལགས་ནས་བརྩམས་པའི༼་བོད་ཀྱི་བུ་མོ།༽ཞེས་པའི་དེབ་གཉིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་སོགས་བོད་ཡིག་དང་དབྱིན་ཇིའི་ནང་རྩོམ་ཡིག་མང་པོ་བྲིས་ཡོད་ལ་། ད་དུང་དཔར་སྐྲུན་འགྲེམ་སྤེལ་གནང་མེད་པའི་དེབ་ཀྱང་མང་པོ་ཡོད་འདུག
དམ་པ་ཁོང་ནི་ནམ་རྒྱུན་ཉམ་ཆུང་ངང་སྡོད་མཁན་ཞིག་ཡིན་པས་སྤྱི་ཚོགས་ཁྲོད་ཁོང་གི་སྐོར་ཤེས་རྟོགས་བྱེད་མཁན་ཉུང་ནའང་། ཁོང་ནི་ནམ་རྒྱུན་བོད་ཀྱི་གཞོན་སྐྱེས་ཤེས་ཡོན་པ་ཚོར་བོད་ཡིག་དར་སྤེལ་ཐད་སེམས་ཤུགས་སྦར་མཁན་ཞིག་དང་ཁོང་གི་སྐུ་གཟུགས་ནམ་རྒྱུན་ནས་ཧ་ཅང་སྐྱོ་བོ་ཡིན་ནའང་། མི་ཚེ་ཧྲིལ་པོ་བོད་ཀྱི་ཤེས་རིག་དར་སྤེལ་ཐད་བཏང་ཡོད་པས་ཁོང་སྐུ་གྲོངས་བ་དེ་ཧ་ཅང་བློ་ཕམ་བྱུང་བ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་པ་འཇམ་དབྱངས་རྡོ་རྗེ་ལགས་ནས་གསུངས་བྱུང་།
དམ་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་ད་ལྟ་དཔར་སྐྲུན་གནང་ཟིན་པའི་བརྩམས་ཆོས་ནང་། དབྱིན་ཇི་ནས་བོད་ཡིག་ནང་བསྒྱུར་བ་༼བོད་ནང་ལོ་བདུན་༽དང་། ༼བོད་ཀྱི་བུ་མོ་༽བཅས་འགྱུར་དེབ་གཉིས་ལས་གཞན། ཁོང་གི་བརྩམས་ཆོས་སྐད་གྲགས་ཆེན་པོ་ཡོད་པ་༼ཞེ་སའི་རྣམ་འབྱེད།༽དང་། དེ་བཞིན་༼ ཀ་བཤད་གངས་རིའི་བདུད་རྩི།༽༼སྙན་རྩོམ་དགའ་བའི་གླུ་དབྱངས། ༽༼སྙན་རྩོམ་རྒྱལ་གཅེས་ལྷག་བསམ།༽༼ སྙན་རྩོམ་མི་རྟག་བཤེས་གཉེན།༽༼ རང་ཡུལ་སྨུག་གི་དྲན་གཏམ། ༽༼བོད་ཀྱི་གཏམ་དཔེ་ཕྱོགས་བསྡུས་༽སོགས་ཡོད་པ་རེད།


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎