རྩོམ་པ་པོ་དྷཱི་ལྷ་ལྡན་ལགས་སུ་ལོ་བཞིའི་བཙོན་མཇུག་ཁྲིམས་ཐག་བཅད་འདུག

2021.10.15
རྩོམ་པ་པོ་དྷཱི་ལྷ་ལྡན་ལགས་སུ་ལོ་བཞིའི་བཙོན་མཇུག་ཁྲིམས་ཐག་བཅད་འདུག རྩོམ་པ་པོ་དྷཱི་ལྷ་ལྡན་ལགས། ༼ཟླ་ཚེས་མི་གསལ
བོད་འབྱོར།/RFA

རྒྱ་ནག་གཞུང་གིས་བོད་ནང་གི་རྩོམ་པ་པོ་དང་ཤེས་ཡོན་པ་དངོས་མིང་ལ་བློ་བཟང་ལྷུན་གྲུབ་དང་། སྨྱུག་མིང་ལ་དྷཱི་ལྷ་ལྡན་ལགས་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་གིས་ད་བར་ལོ་གཉིས་ལྷག་འགྲོ་བཞིན་ཡོད་ཀྱང་། ཉེ་ལམ་ཁོང་གི་ནང་མིར་ས་གནས་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ཁོང་ལ་ལོ་བཞིའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ལུགས་ལན་བརྡ་སྤྲད་འདུག འོན་ཀྱང་ཁྲིམས་བཤེར་དང་ཁྲིམས་ཐག་བཅད་སྐབས་ཁོང་གི་ནང་མི་སུ་ཞིག་ལ་ཡང་བརྡ་ལན་སྤྲད་མྱོང་མེད་པ་དང་། ཐ་ན་བཀག་ཉར་སྐབས་ཁོང་ལ་ཐུག་འཕྲད་ཙམ་ཡང་བྱེད་དུ་བཅུག་མེད་པ་བོད་ནས་གནས་ཚུལ་མཁོ་སྤྲོད་པ་གཉིས་ཀྱིས་ཁག་སོ་སོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
དྷཱི་ལྷ་ལྡན་ལགས་ཐོག་མར་ཕྱི་ལོ་༢༠༡༩་ལོའི་ཕྱི་ཟླ་༦་ནང་། རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ནས་འཛིན་བཟུང་བྱས་ཤིང་། དེ་ནས་ལོ་གཉིས་ལྷག་རིང་བཀག་ཉར་འོག་བཞག་ཡོད་པ་རེད།
བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་དེ་དག་གིས། དྷཱི་ལྷ་ལྡན་ལགས་ཀྱིས་”བསྟུན་རྒོལ་ཁྲིམས་གཏུགས“ཞེས་པའི་དཔེ་དེབ་ཞིག་བརྩམས་ཡོད་པ་དེ་ནི་རྒྱལ་ཁབ་ལ་ངོ་ལོག་དང་སྤྱི་ཚོགས་ཁྲོད་ཟིང་སློང་བ་ཡིན་ལུགས་ཀྱི་ཉེས་མིང་འོག་ལོ་བཞི་ཡི་བཙོན་མཇུག་ཁྲིམས་ཐག་བཅད་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། དྷཱི་ལྷ་ལྡན་ལགས་༢༠༡༩་ལོའི་ཟླ་༦་པའི་ནང་འཛིན་བཟུང་བྱས་པ་ནས་བཟུང་། རྒྱ་ནག་སི་ཁྲོན་ཞིང་ཆེན་ཁོངས་ཁྲིན་ཏུའུ་མཱན་ཡང་བཙོན་ཁང་ནང་བཙོན་འཇུག་བྱེད་མུས་ཡིན་འདུག་ཅིང་། ཁོང་གི་ནང་མི་ཚོར་གོང་རིམ་ནས་ཁོང་ལ་ཁྲིམས་ཐག་བཅད་ཡོད་སྐོར་ལན་བརྡ་སྤྲད་པ་ཙམ་ལས། ཁོང་ལ་ཐུག་འཕྲད་བྱེད་རྒྱུ་དང་། ཟ་མ་དང་གྱོན་གོས་སོགས་མཁོ་སྤྲོད་རྩ་བ་ནས་བྱེད་འཇུག་མེད་པ་རེད་འདུག ཕྱི་ལོ་༢༠༢༠་ལོའི་ཕྱི་ཟླ་༡༢་ཚེས་༤་ཉིན་ཁོང་གི་ནང་མི་འབོད་སྒུག་གིས་དྷཱི་ལྷ་ལྡན་ལགས་ཀྱིས་གྱོད་དོན་སྐོར་གྲོས་བསྡུར་དགོས་ལུགས་བརྗོད་ཡོད་ཀྱང་། ཁྲིམས་བཤེར་འགོ་འཛུགས་ག་དུས་བྱེད་མིན་སོགས་འགྲེལ་བཤད་གང་ཡང་བྱས་མེད་པ་རེད།
ཁོང་ལ་བཙོན་འཇུག་ཁྲིམས་ཐག་ག་དུས་བཅད་མིན་དང་ད་ལྟའི་གཟུགས་གཞིའི་གནས་སྟངས་སོགས་གནས་ཚུལ་ཞིབ་ཕྲ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྩད་གཅོད་བྱེད་མུས་ཡིན།

ཁོང་གིས་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་སྒེར་གྱི་རིག་གནས་སློབ་ཁྲིད་དང་འཆད་ཁྲིད་བྱེད་ས་ཞིག་ཏུ་ལས་ཀ་བྱེད་བཞིན་ཡོད་ཅིང་། ཁོང་གིས་སློབ་ཁྲིད་བྱ་ཡུལ་མི་འགའ་ཤས་ཀྱིས་དྷི་ལྷ་ལྡནལགས་ཀྱིས་འཆད་ཁྲིད་བྱེད་ཕྱོགས་ཐད་དོགས་ཟོན་དགོས་ལུགས་གོང་རིམ་ལ་བཤད་པའི་རྐྱེན་གྱིས་འཇུ་བཟུང་བྱས་པ་ཡིན་ལུགས་བརྗོད་བཞིན་ཡོད་པ་རེད།
རྩོམ་པ་པོ་དྷཱི་ལྷ་ལྡན་ལགས་ནི་སྤྱི་ལོ་༡༩༨༠ལོར་མདོ་སྨད་མགོ་ལོག་པདྨ་རྫོང་དུ་སྐྱེས་ཤིང་། ལོ་ན་བཅུ་གཅིག་ལ་སོན་སྐབས་གསེར་རྟ་བླ་རུང་སྒར་དུ་ཆོས་སྒོར་ཞུགས་ཏེ་སློབ་གཉེར་གནང་ཡོད། ཁོང་ལོ་ ༢༨ སོན་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་གདན་ས་འབྲས་སྤུངས་དང་སེ་ར་གཉིས་སུ་ནང་ཆོས་ཀྱི་གཞུང་ཆེན་མོར་སློབ་གཉེར་གནང་འདུག

007c3ys2gy1g09os8gq42j30u01szwjq.jpg

ཕྱི་ལོ་༢༠༠༨ལོ་ནས་བོད་ཀྱི་ས་ཁུལ་མང་པོར་འགྲུལ་བཞུད་ཀྱིས་བོད་ཁུལ་གྱི་དངོས་ཡོད་གནས་ཚུལ་སྐོར་ལ་རྩོམ་འབྲིའི་ཕྱག་ལས་གནང་འགོ་ཚུགས་ཡོད་པ་མ་ཟད། ཁོང་གིས་སྔ་ཕྱིར་ཕྱི་ལོ་༢༠༠༨ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོ་དང་འབྲེལ་བའི་དཔེ་དེབ་’ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་’དང་། ‘བསྟུན་རྒོལ་ཁྲིམས་གཏུགས་’ དེ་མིན་ཡང་སྤྱི་ཚོགས་དཔྱད་བརྗོད་ཀྱི་དཔེ་དེབ་ ‘དོགས་པའི་ཚོམ་’།བཅས་བྲིས་ཡོད་འདུག
ཁོང་ལ་ཆུང་མ་དང་ཕྲུ་གུ་ལོ་ཆུང་ཞིག་ཡོད་པ་རེད།
བོད་ནང་ཕྱི་ལོ་༢༠༠༨་ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་རྗེས། བོད་མི་ཤེས་ཡོན་ཅན་མང་དག་ཞིག་རྒྱ་ནག་གཞུང་གིས་འཇུ་བཟུང་གིས་བཙོན་དུས་ཉེས་ཆད་འདྲ་མིན་འགེལ་བཞིན་པ་དང་། ཉེ་བའི་ལོ་གཉིས་མ་ཟིན་ཙམ་ནང་བོད་ནང་གི་ཤེས་ཡོན་པ་དང་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་དང་། རོང་བོ་དགེ་འདུན་ལྷུན་གྲུབ། གངས་སྐྱེས་སྒྲུབ་པ་སྐྱབས། དགེ་རྒན་རིན་ཆེན་སྐྱིད་ལ་སོགས་འཛིན་བཟུང་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎