ཚེ་རིང་དབྱངས་སྐྱིད་ལགས་ཨིན་ཡུལ་སྐུ་ཚབ་དོན་གཅོད་གསར་པར་བསྐོ་གཞག་གནང་བ།

2024.07.24
ཚེ་རིང་དབྱངས་སྐྱིད་ལགས་ཨིན་ཡུལ་སྐུ་ཚབ་དོན་གཅོད་གསར་པར་བསྐོ་གཞག་གནང་བ། ཚེ་རིང་དབྱངས་སྐྱིད་ལགས།
Tsering Yangkey

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༧ ཚེས་ ༢༤ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་སྤེལ་ཏེ། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་དགུ་པའི་ནང་གསེས་ ༡ པོའི་དགོངས་དོན་བཞིན། ཚེ་རིང་དབྱངས་སྐྱིད་ལགས་ཨིན་ཡུལ་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་ཡོད་པའི་གསལ་བསྒྲགས་སྤེལ་བ་བཞིན། ཨིན་ཡུལ་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ་དེས་ལས་འགན་ཆ་ནས་བོད་མིའི་སྒྲིག་འཛུགས་དང་༸གོང་ས་མཆོག་གི་སྐུ་ཚབ་ཕྱག་ལས་གནང་དགོས་སྟབས་ལས་འགན་ངོས་ནས་ལྕི་མོ་ཞིག་ཡིན་པའི་སེམས་ཚོར་བྱུང་སྐོར་། ཚེ་རིང་དབངས་སྐྱིད་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བཀའ་དྲུང་ཡིག་ཚང་གིས་སྤེལ་བའི་གསལ་བསྒྲགས་ནང་། ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ། ཞེས་གསལ་བ་ལྟར་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་དབུས་འོས་བསྡུ་ལས་ཁང་གི་དྲུང་ཆེ་གཅིག་ལྕོགས་ཚེ་རིང་དབྱངས་སྐྱིད་ལགས་ཨིན་ཡུལ་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བསྩལ་དོན་ལྟར་ཡིག་ཆ་སྒྲུབ་མཚམས་ལས་ཁུར་འགོ་འཛུགས་གནང་རྒྱུ་ཞེས་བཀོད་འདུག་ལ། ཡང་ཚེ་རིང་དབྱངས་སྐྱིད་ལགས་ནས་མ་འོངས་པར་སྐུ་ཚབ་དོན་གཅོད་ཀྱི་ངོ་བོའི་ཆ་ནས་དེ་སྔ་ལས་དོན་བྱེད་ཕྱོགས་ག་རེ་ཡིན་ལག་བསྟར་དང་བོད་མིའི་སྒྲིག་འཛུགས་ནས་བཀོད་ཁྱབ་ག་རེ་ཡོད་པ་སོགས་བསྒྲུབ་རྒྱུ་ཡིན་སྐོར་གསུངས་བྱུང་།

ཚེ་རིང་དབྱངས་སྐྱིད་ལགས་ནི་བཙན་བྱོལ་བོད་མིའི་གཞིས་ཆགས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་དུ་སྐྱེས་ཤིང་། བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་ CST མོན་གྷོ་སློབ་གྲྭ་དང་། རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གཙུག་ལག་མཐོ་སློབ་ནས་སློབ་མཐར་ཕྱིན་རྗེས་ད་བར་བོད་མིའི་སྒྲིག་འཛུགས་ནང་འཕྲོད་བསྟེན་དྲུང་ཆེ་དང་། བོད་ཀྱི་ཟློས་གར་གྱི་འགན་འཛིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་དང་དབུས་འོས་བསྡུ་ལས་ཁང་གི་དྲུང་ཆེ་གཅིག་ལྕོགས་བཅས་ཀྱི་ཕྱག་ལས་གནང་ཡོད་པ་རེད།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎