བོད་ཀྱི་མཁས་པ་དང་བོད་རིག་པ་བ་སློབ་དཔོན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་སྐུ་གཤེགས་འདུག
ཕྱི་ལོ་ ༢༥ ཟླ་ ༢ ཚེས་ ༡༦ ཉིན་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༨:༥༠ སྟེང་། བོད་ཀྱི་མཁས་དབང་ཆེན་མོ་དང་བོད་རིག་པའི་ཉམས་ཞིབ་པ་དང་སློབ་དཔོན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་དགུང་ལོ་ ༩༤ སྟེང་། སྙུན་གཞི་རྐྱེན་གྱིས་སི་ཁྲོན་ཞིང་ཆེན་ཏའོ་ཅང་ཡན་ (都江堰市) གྲོང་ཁྱེར་སྨན་ཁང་དུ་སྐུ་གཤེགས་ཡོད་པ་དང་། བོད་ནང་གི་ཤེས་ཡོན་པའི་སྡེ་དང་སློབ་དཔོན་ཁོང་གི་སློབ་མ་གཙོས་པའི་སྤྱི་ཚོགས་དྲ་ལམ་ཁག་ཏུ། མཁས་དབང་ཁོང་གིས་མི་ཚེ་ཧྲིལ་པོར་བོད་རིག་པ་དང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་བཏང་བར། གདུང་སེམས་མཉམ་སྐྱེད་ཀྱི་རྗེས་དྲན་དང་མྱ་ངན་ཞུ་བཞིན་འདུག་ཅིང་། བོད་མི་ཞིག་ནས་འདས་པོ་ཁོང་ལོ་ན་བགྲེས་པོ་ག་ཚོད་ཟིན་ཡོད་ན་ཡང་། ཕྱག་གིས་འཁར་བར་བརྟེན་ནས་བོད་སྐད་ཡིག་གི་ལས་དབང་སེམས་སུ་བཅངས་ཏེ། སྐུ་མ་གཤེགས་བར་དུ་བོད་གངས་ཅན་གྱི་ཚེ་སྲོག་ལ་འཇུས་ཏེ་ཡོང་བ་ཡིན་པས། དམ་པ་ཁོང་སྐུ་གཤེགས་པ་ནི་བོད་ཁ་བ་ཅན་གྱི་གྱོང་གུད་གསབ་ཏུ་མེད་པ་ཞིག་ཡིན་པས། མཛད་རྗེས་དྲན་ཞོར་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱའི་ཁམས་སུ་སྐྱེས་བའི་སྨོན་ལམ་དང་མྱ་ངན་ཞུ་ཞེས་བྲིས་འདུག
མཁས་དབང་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་ནི་བོད་གངས་ཅན་གྱི་རོང་ཆེན་བཞིའི་ཡ་གྱལ་ཤར་རྒྱལ་མོ་ཚ་བ་རོང་གི་བཙན་ལྷ་རྫོང་དུ་སྐུ་འཁྲུངས་ཤིང་། དགུང་ལོ་གསུམ་སྟེང་ཆོས་གླིང་སྐུ་ཕྲེང་གསུམ་པའི་ཡང་སྲིད་དུ་ངོས་འཛིན་དང་འབྲེལ། ཕྱི་ལོ་ ༡༩༤༡ ནས་བོད་ཀྱི་རྒྱལ་ས་ལྷ་སའི་གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཕེབས་ཏེ། ལོ་ངོ་བདུན་གྱི་རིང་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གྱིས་ཕར་ཕྱིན་དམ་བཅའ་རྗེས་ཕྱིར་རང་ཡུལ་དུ་ལོག་སྟེ། རྒྱ་ནག་གཞུང་གི་ལས་བྱེད་ཁོངས་སུ་འཛུལ་ཞུགས་དང་འབྲེལ། ཕྱི་ལོ་ ༡༩༧༧ ནས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གནང་འདུག བོད་ནང་གི་སྤྱི་ཚོགས་དྲ་ལམ་དུ་མྱ་ངན་རྗེས་དྲན་ཞུ་བཞིན་པའི་ཁྲོད་དུ། བོད་མི་ཞིག་ནས་དམ་པ་ཁོང་སྐུ་ཚེ་རིང་པོར་གནས་ཤིང་ཚེ་ཡི་ཕ་མཐའ་ཟིན་ཡོད་ན་ཡང་། སྐུ་གཤེགས་པ་ཐོས་ཚེ་བདེན་པ་དང་། གངས་རི། དབྱངས་གསལ་ལ་དཀའ་དྲིན་ཆེ་བས་ཕངས་སེམས་ཆེ་བ་ཞིག་རེད། གངས་རིས་མགོན་པོས་སྲུང་། བོད་གངས་ཅན་གྱི་ལོ་རྒྱུས་ཁྲོད་གཏན་དུ་ནུབ་པ་མེད་པའི་མི་ཞེས་དང་། ཡང་གཞན་ཞིག་ནས་མི་རྒན་དག་རེ་རེ་བཞིན་བཞུད་ཚར་རྗེས་ང་ཚོར་ཅི་ཞིག་ལྷག་ཡོད་དམ། བོད་སྐད་ཡིག་གི་ལས་དབང་མར་ངོས་ཟླ་བ་བཞིན་ཆགས་བཞིན་པའི་དུས་ཚོད་ནང་། ང་ཚོ་སྐྱོབ་མཁན་སུ་ཞིག་ཡོད་དམ་སོགས་བྲིས་འདུག

མཁས་དབང་ཁོང་སྐུ་གཤེགས་པའི་གནས་ཚུལ་དང་འབྲེལ། རྒྱ་ནག་གཞུང་འབྲེལ་སི་ཁྲོན་བོད་ཡིག་བརྙན་འཕྲིན་ཁང་དང་། ཀྲུང་གོ་བོད་ཀྱི་དྲ་བ། རྔ་བའི་རྔ་སྒྲ་གསར་ཁང་། མཚོ་སྔོན་བོད་ཡིག་གསར་འགྱུར། གངས་ལྗོངས་ཉི་གཞོན་སོགས་ནས་སྐུ་གཤེགས་པའི་གནས་ཚུལ་སྤེལ་ཡོད་པ་དང་། བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གནང་བར་ཕེབས་དུས། ཕྱི་ལོ་ ༡༩༧༧ ལོ་སྟེ་རྒྱ་ནག་གི་རིག་གནས་གསར་བརྗེ་མཇུག་སྒྲིལ་མ་ཐག་ཡིན་པས། སློབ་གླིང་དེར་བོད་ཡིག་སློབ་འཁྲིད་ལ་མའོ་ཙེ་ཏུང་གི་གསུང་བཏུས་དང་། སུམ་རྟགས་ཀྱི་སྤྱི་འགྲོས་ཙམ་དང་ཡིག་ཚགས་འགའ་ལས་མེད་སྟབས། ཁོང་གིས་སློབ་གླིང་དེའི་སློབ་དཔོན་ཆེན་མོ་དང་བོད་རིག་པའི་སྡེ་ཚན་གྱི་འགན་འཁུར་ནས། བོད་ཀྱི་མཁས་པ་རིམ་བྱོན་གྱི་བརྩམས་ཆོས་ཁག་གཞིར་བཞག་ནས། སྙན་ངག་དང་སུམ་རྟགས། གྲུབ་མཐའ། ཚད་མ། བོད་ཀྱི་ལོ་རྒྱུས་སོགས་ཀྱི་ཆེད་ལས་རང་བཞིན་གྱི་སློབ་ཚན་དུ་རྩོམ་བསྒྲིགས་དང་གསར་གཏོད་གནང་འདུག་ལ། གནད་དོན་དེས་སློབ་གླིང་དེར་བོད་རིག་པའི་ཁྱད་ཆོས་ལྡན་པའི་སློབ་ཁྲིད་མ་ལག་སྐྲུན་པར་བྱས་རྗེས་རླབས་ཆེན་བཞག་ཡོད་པ་ཁོང་གི་ངོ་སྤྲོད་ལོ་རྒྱུས་ཁག་ཏུ་གསལ་འདུག
མཁས་དབང་ཁོང་ནི་ཕྱི་ལོ་ ༡༩༣༠ ལོར་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༩༧ ལོར་དགུང་གྲངས་ ༦༨ སྟེང་ཕྱག་ལས་གནང་ཡུལ་ནས་བགྲེས་ཡོལ་དུ་ཕེབས་ཡོད་པ་དང་འབྲེལ། ཁོང་གིས་གཤིན་རྗེ་ཆོས་རྒྱལ་གྱིས་ང་ལ་དུས་ཚོད་ཅི་ཙམ་སྤྲད་པ་དེའི་བར་དུ་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་འབད་རྒྱུ་ཡིན་ཞེས་གསུངས་མྱོང་ཡོད་པ་དང་། ཁོང་གིས་མཛད་པའི་གསུང་རྩོམ་ལ་བརྡ་དཀྲོལ་གསེར་གྱི་མེ་ལོང་དང་། བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། ཞང་བོད་བརྡ་དཀྲོལ་ཆེན་མོ་དང་། རྒྱལ་རོང་ཞིབ་འཇུག་དཔྱད་ཡིག་ཕྱོགས་བསྒྲིགས། རྒྱལ་རོང་ཁ་སྐད་ཚིག་མཛོད། ཨ་མདོའི་སྐད་དང་རྒྱལ་རོང་སྐད་དཔྱད་སྡུར་དབྱེ་ཞིབ། རྒྱལ་རོང་གི་ལོ་རྒྱུས་དང་རིག་གནས་དང་། རྒྱ་ཡིག་ནང་མཛད་པ་རྒྱལ་རོང་གི་ལོ་རྒྱུས་དང་རིག་གནས། ཡིག་སྒྱུར་གནང་བ་རླངས་ཀྱི་པོ་ཏི་བསེ་རུ། བཀའ་ཆེམས་དེབ་ཐེར། བོད་ཀྱི་ལོ་རྒྱུས་ཀུན་དགའ་མེ་ལོང་བཅས་དང་། གནའ་དཔེ་དཔེ་སྒྲིག་ལ་གེ་སར་སྒྲུང་བཤད་པ་རྣམ་བདུན་དང་། གེ་སར་སྒྲུང་ཟངས་མདོག་དཔལ་རི། ཇོ་ནང་ཆོས་འབྱུང་། ཇོ་ནང་ཆོས་འབྱུང་གི་ལྷན་ཐབས་བཅས་དང་། མཁས་དབང་ཁོང་གི་སྐུ་ན་གཞོན་དུས་གཙོ་ཆེ་བ་རྒྱལ་རོང་གི་ལོ་རྒྱུས་རིག་གནས་སྐོར་ཉམས་ཞིབ་གཙོ་བོ་གནང་ཡོད་འདུག་ལ། ཁོང་གིས་སྔ་ཕྱིར་རྒྱལ་རོང་དང་འབྲེལ་བའི་དེབ་བཅུ་ལྷག་བརྩམས་གནང་འདུག །
གསར་འགོད་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།