ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་འདུག

2020.12.28
ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་འདུག ཨ་རིའི་སྲིད་འཛིན་གྱིས་ཁྲིམས་འཆར་ཁག་གཅིག་ལ་མཚན་རྟགས་བསྐྱོན་སྐབས། ༣།༢༧།༢༠༢༠
AFP

ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ལ་ཨ་རིའི་སྲིད་འཛིན་ཁྲོམ་མཆོག་གིས་མཚན་རྟགས་བཀོད་ནས་ཁྲིམས་གཞིར་གཏན་འབེབས་བྱུང་འདུག
ཨ་རིའི་སྲིད་འཛིན་(Trump)ཊོམ་ཕུ་མཆོག་གིས་འདི་ཚེས་༢༧ཉིན། ༢༠༢༡ ལོའི་ཨ་རིའི་སྔོན་རྩིས་ཁྲིམས་འཆར་ཁག་ལ་མཚན་རྟགས་བསྐྱོན་པ་དང་བསྟུན། ཨ་རིའི་སྔོན་རྩིས་ཀྱི་ཁོངས་སུ་མཉམ་སྦྱར་ཡོད་པའི་ཕྱི་ལོ་༢༠༢༠ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དངོས་སུ་ཨ་རིའི་ཁྲིམས་གཞི་གཏན་འབེབས་བྱུང་ཡོད་པ་རེད།
༢༠༢༠ལོའི་ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་གཞིའི་དོན་ཚན་ཁག་ནི།
• བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ཀྱི་གནད་དོན་དེ་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་སྟབས། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་སྲོལ་རྒྱུན་བཞིན་ལག་བསྟར་བྱ་དགོས་པ།
• གལ་སྲིད་ཡང་སྲིད་ངོས་འཛིན་ཞུ་བའི་རྒྱུད་རིམ་ཁྲོད་རྒྱ་ནག་གཞུང་དང་དཔོན་རིགས་ནས་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་དེའི་ཐོག་དཔལ་འབྱོར་དང་། ཚོང་དོན། ཐོངས་མཆན་(visa)་སོགས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ།
• ཨ་རིའི་ཕྱི་སྲིད་ལས་ཁང་གི་བོད་དོན་འབྲེལ་མཐུད་པའི་ལས་འགན་ནུས་བ་ཆེ་རུ་བཏང་ནས་འཛམ་གླིང་ཡུལ་གྲུ་གཞན་དང་འབྲེལ་ལམ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་བོད་ཀྱི་དབུ་ཁྲིད་དང་། རྒྱ་ནག་གི་དཔོན་རིགས་དབར་གྲོས་མོལ་སླར་གསོ་ཡོང་ཐབས་བྱ་རྒྱུ།
• ཨ་རིའི་ཕྱི་སྲིད་དང་ཚོང་དོན་ལས་ཁང་གིས་བོད་ནང་ལས་གཉེར་བྱེད་མཁན་གྱི་ཨ་རིའི་ཚོང་དོན་ཁང་ཚོས་བོད་མིའི་རིག་གཞུང་ལ་སྲུང་བརྩི་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་པའི་བཀའ་གཏོང་རྒྱུ།
• བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཡན་ལག་་ལས་ཁང་གསར་འཛུགས་མ་ཐུབ་བར་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁང་གསར་བཙུགས་བྱ་འཇུག་རྒྱུ་མིན་པ།
• ཨ་རིའི་ཕྱི་སྲིད་ལས་ཁང་གིས་རྒྱལ་ཁབ་གཞན་དང་མཉམ་དུ་བོད་ཀྱི་ཁོར་ཡུག་དང་རང་བྱུང་སྐྱེ་དངོས་སོགས་ལ་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་རྒྱུ།
• བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་དམངས་གཙོའི་ལམ་ལུགས་གྱི་འཛིན་སྐྱོང་ལ་རྒྱབ་སྐྱོར་གནང་རྒྱུ།
• བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཨ་རི་གཞུང་གིས་དཔལ་འབྱོར་རོགས་རམ་གནང་བཞིན་པ་རྒྱུན་སྐྱོང་རྒྱུ་ཡིན་པ་བཅས་བཀོད་ཡོད་པ་རེད།།
ཨ་རིའི་སྲིད་འཛིན་ཁྲོམ་མཆོག་གིས་རྩིས་ལོ་༢༠༢༡ལོའི་ཨ་རིའི་སྔོན་རྩིས་ཁྲིམས་འཆར་ཁག་ལ་མཚན་རྟགས་བཀོད་པ་དང་བསྟུན། ཨ་རིའི་སྔོན་རྩིས་ཀྱི་ཁོངས་སུ་མཉམ་སྦྱར་ཡོད་པའི་ཕྱི་ལོ་༢༠༢༠ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཞི་དང་ཐེ་ཝན་བདེ་འཇགས་ཁྲིམས་གཞི་ཞེས་པ་དེ་གཉིས་དངོས་སུ་ཨ་རིའི་གཞུང་གིས་ལག་བསྟར་བྱེད་རྒྱུའི་ཁྲིམས་གཞིར་གྱུར་ཡོད་པ་རེད། (CNN)སོགས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་གནས་ཚུལ་ཞིག་ལ་ངོས་འཛིན་གནང་གི་འདུག
ཡིན་ནའང་རྒྱ་ནག་གཞུང་གིས་དེར་མཐའ་གཅིག་ཏུ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་དེ། སྤྱི་ཚེས་༢༨ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཀྲོ་ལི་ཅན་ནས་རྒྱ་ནག་ཕྱོགས་ནས་ཨ་རིས་གཞུང་གིས་མཚན་རྟགས་བཀོད་པའི་བོད་དོན་དང་འབྲེལ་ཡོད་ཁྲིམས་གཞི་དེར་ངོ་རྒོལ་ཤུགས་ཆེན་ཡོད་པ་མ་ཟད། བོད་ཀྱི་གནད་དོན་ནི་རྒྱ་ནག་གི་བདག་དབང་ཆ་ཚང་དང་འབྲེལ་བ་དམ་ཟབ་ཡོད་པས། དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་དང་། རྒྱ་ནག་གིས་ཕྱིའི་དབང་ཤུགས་གང་རུང་ལ་བཟོད་སྒོམ་བྱེད་མི་སྲིད་ལ། ཨ་རིས་མུ་མཐུད་དུ་ཡུལ་གཉིས་ཀྱི་འབྲེལ་ལམ་དང་གནོད་འཚེའི་ལས་དོན་གཡོལ་དགོས་ཚུལ་གྱི་ཉེན་བརྡ་བཏང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎