ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞིར་ས་རྟགས་འཁོད་པར་རྒྱ་གཞུང་གིས་སྐྱོན་བརྗོད།
2019.11.28
ཨ་རིའི་སྲིད་འཛིན་ཌོའོ་ནལ་ཀྲོམ་མཆོག་གིས་ཕྱི་ཚེས་ ༢༧ ཉིན་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞིར་ས་རྟགས་བཀོད་གནང་སྟེ་དངོས་སུ་ཨ་རིའི་ཁྲིམས་སུ་གྱུར་ཡོད་པར་རྒྱ་ནག་གཞུང་གིས་ཁ་རྡུང་ཤུགས་ཆེ་གཏོང་བཞིན་ཡོད་ཅིང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ལིའི་དབྱུས་གྲང་གིས་ཨ་རིའི་སྲིད་འཛིན་གྱིས་ཧོང་ཀོང་དང་འབྲེལ་བའི་ཁྲིམས་གཞིར་ས་རྟགས་བཀོད་པ་དེས་ཧོང་ཀོང་གི་ནང་སྲིད་ལ་ཤུགས་ཆེའི་ཐེ་བྱུས་བྱས་པ་ཞིག་ཡིན་པས། རྒྱ་ནག་གཞུང་དང་མི་མང་གིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཨ་རིའི་གཞུང་གིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་ཁྲིམས་ཐོག་གཏན་འབེབས་བྱས་པ་དེས་ཧོང་ཀོང་གི་ངོ་རྒོལ་བ་ཚོར་ནོར་འཁྲུལ་གྱི་གོ་བརྡ་བཏང་བ་ཞིག་དང་། དེས་ཧོང་ཀོང་ནང་གི་ཟང་ཟིང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་གཏོང་ཐུབ་རྒྱུ་མིན་ལུགས་དང་། ཨ་རིའི་གཞུང་གིས་ནོར་འཁྲུལ་གྱི་བྱ་སྤྱོད་དེར་འཕྲལ་དུ་ཡོ་སྲང་བྱ་རྒྱུའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་དང་འབྲེལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་འགྱུར་དང་ཧོང་ཀོང་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་མུ་མཐུད་འཛིན་རྒྱུར་སུས་ཀྱང་འགོག་རྐྱེན་བཟོ་ཐུབ་རྒྱུ་མིན་ལུགས་སོགས་བཤད་ཡོད་འདུག
ཉེ་སྔོན་ཨ་རིའི་གྲོས་ཚོགས་གོང་འོག་ནས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་འཆར་ལ་ངོ་རྒོལ་བྱེད་མཁན་ཧ་ལམ་མེད་པའི་འོག་ཁྲིམས་འཆར་དེ་གཏན་འབེབས་བྱུང་སྟེ་ཕྱི་ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་མཆོག་གིས་དེའི་ཐོག་མཐའ་མའི་ས་རྟགས་བཀོད་གནང་བའི་རྗེས་ཁྲིམས་གཞི་དེ་དངོས་སུ་ཨ་རིའི་ཁྲིམས་ལུགས་སུ་གྱུར་ཡོད་པ་རེད། ཨ་རིའི་སྲིད་འཛིན་མཆོག་གིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞིར་ས་རྟགས་བཀོད་གནང་རྗེས་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་ནས་གསལ་བསྒྲགས་སྤེལ་ཏེ་ཨ་རིའི་གཞུང་གི་བྱ་སྤྱོད་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ལུགས་དང་། དེ་ནི་མངོན་གསལ་དོད་པོའི་ཐོག་ནས་ཧོང་ཀོང་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་པར་མ་ཟད། ཁྲིམས་གཞི་དེར་གཞི་རྩ་གང་ཡང་མེད་པ་དང་། དེས་ཧོང་ཀོང་དང་ཨ་རིའི་དབར་གྱི་འབྲེལ་ལམ་དང་། ཕྱོགས་གཉིས་ཀའི་ཁེ་ཕན་ལ་གནོད་ཚབས་བཟོ་རྒྱུ་ཡིན་ལུགས་སོགས་བཀོད་ཡོད་འདུག དེ་འབྲེལ་ཧོང་ཀོང་ནང་དམངས་གཙོར་རྒྱབ་སྐྱོར་བྱེད་མཁན་ཚོས་གཟའ་ཕུར་བུའི་ཕྱི་དྲོ་ཨ་རིའི་ Thanksgiving ཟེར་བའི་ཐུགས་རྗེ་ལེགས་འབུལ་གྱི་དུས་ཆེན་ཉིན་མོར་ཧོང་ཀོང་གི་དམངས་གཙོའི་ཆེད་རྒྱབ་སྐྱོར་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་བའི་རྔམ་སྟོན་ལས་འགུལ་ཞིག་ཧོང་ཀོང་ནང་སྤེལ་ཡོད་པ་རེད།