ཨ་རིའི་སྲིད་འཛིན་ཊོམཔ་གྱིས་རིང་མིན་རྒྱ་ནག་དང་ལྷན་སྒོ་ཁྲལ་སྐོར་གྲོས་མོལ་བྱུང་སྲིད་པ་བརྗོད་འདུག
ཨ་རྒྱ་གཉིས་དབར་སྒོ་ཁྲལ་ཤུགས་ཆེ་བཀལ་རེས་ཀྱི་ཚོང་དམག་ཁྲོད། ཨ་རི་སྲིད་འཛིན་ཊོམཔ་གྱིས་རྒྱལ་ཁབ་གཉིས་དབར་གྲོས་མོལ་འགྲོ་བཞིན་ཡོད་པར་གསུངས་ཤིང་། འབྱུང་འགྱུར་བདུན་ཕྲག་གསུམ་ནས་བཞིའི་ནང་གྲོས་མཐུན་ཞིག་གཏན་འབེབས་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་ཕྱི་ཟླ་ ༤ ཚེས་ ༡༧ རེས་གཟའ་ཕུར་བུའི་ཉིན་གསུངས་འདུག
དེ་ཡང་ཕྱི་ཟླ་ ༤ ཚེས་ ༢ ཉིན་ཨ་རིས་རྒྱལ་ཁབ་མང་དག་གཅིག་ལ་སྒོ་ཁྲལ་སྤར་བའི་རྗེས། རྒྱ་ནག་དང་ཕན་ཚུན་སྒོ་ཁྲལ་གཅིག་རྗེས་གཉིས་མཐུད་སྤར་བའི་གདོང་ཐུག་གི་མཐར། ད་ཆ་རྒྱ་ནག་ལ་སྒོ་ཁྲལ་ཁྱོན་བརྒྱ་ཆ་ ༡༤༥ བར་བཀལ་ཡོད་པས། དེའི་ལན་དུ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་བརྒྱ་ཆ་ ༡༢༥ བར་གྱི་ཚོང་ཁྲལ་བཀལ་ཡོད་པའི་གནས་སྟངས་ཆགས་ཡོད།
སྲིད་འཛིན་ཊོམཔ་གྱིས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁག་ལྷན་ཚོང་འབྲེལ་གྲོས་མོལ་ཡག་པོ་བྱུང་བ་བརྗོད་ཡོད་ཀྱང་། དེ་འབྲེལ་དཔང་རྟག་གང་ཡང་གསལ་སྟོན་བྱས་མེད་ལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་འབྲེལ་བ་བྱུང་ཡོད་མེད་སྐོར་གསལ་སྟོན་གནང་མེད། གང་ལྟར་རྒྱ་ནག་ལ་སྒོ་ཁྲལ་ཕར་མ་བཀལ་འཆར་མེད་པ་མ་ཟད་ད་དུང་ཉུང་དུ་གཏོང་སྲིད་པའི་བརྡ་བཏང་ཡོད གཞན་ཡང་ཊོམཔ་ཀྱིས། དེ་སྔ་ནས་ཉོ་འཆར་ཡོད་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་ (Tik Tok) ཡང་རྒྱ་ནག་དང་འབྲེལ་ལམ་ཇི་བྱུང་ལ་རག་ལས་ཀྱི་རེད་ཅེས་དང་། གྲོས་མོལ་ཞིག་བྱུང་ཚེ་སྤྱི་ཚོགས་དྲ་རྒྱའི་མཉེན་ཆས་དེ་ཉོ་བར་སྐར་མ་ལྔ་ལས་འགོར་གྱི་མ་རེད་ཅེས་འགྲེལ་བརྗོད་གནང་འདུག
དེ་བཞིན་ཚོང་དམག་གི་ཁ་གཏད་རྒྱ་ནག་ལ་མཚོན་ན། སྲིད་འཛིན་ཞི་ཅིན་ཕིང་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཝིཡེཏ་ནམ་(Vietnam)དང་། ཁེམ་བྷོ་དྲི་ཡ་(Cambodia)མ་ལེཡ་ཤི་ཡ་(Malaysia) བཅས་སུ་ཕྱོགས་བསྐྱོད་ཀྱིས་ཚོང་འབྲེལ་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་དེ་དག་ནང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཚེ། རྒྱ་ནག་གིས་རོགས་སྐྱོར་བྱ་འཆར་ཡོད་པའི་བརྡ་བཏང་འདུག །
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།