རེ་བ་མེད་པར་མཐོང་ཚེ་ཀིམ་དང་མཇལ་འཕྲད་ཕྱིར་འཐེན་བྱ་རྒྱུར་ཐེ་ཚོམ་མེད།
2018.04.19
ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལཌ་ཏྲམཔ་(Donald Trump)མཆོག་གིས་ཁོང་དང་བྱང་ཀོ་རི་ཡའི་དབུ་ཁྲིད་ཀིམ་ཇོན་ཨུན་(Kim Jong Un) རྣམ་གཉིས་ཀྱི་མཇལ་འཕྲད་གྲོས་མོལ་ཡོང་རྒྱུའི་ཐུགས་རེ་ཆེན་པོ་ཡོད་ཀྱང་གལ་ཏེ་མཇལ་འཕྲད་དེར་གྲུབ་འབྲས་སོན་པ་ཞིག་ཡོང་རྒྱུའི་རྣམ་པ་མི་མངོན་པ་ཡིན་ཚེ་མཇལ་འཕྲད་གནང་རྒྱུ་མིན་པ་ཐེ་ཚོམ་མེད་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།
དེ་ཡང་ད་རེས་གཟའ་མཇུག་ཏུ་ཨ་རིའི་དབུས་གསང་བའི་ལས་ཁང་གི་འགན་འཛིན་སྐུ་ཞབས་ མཡིཀ་པོམ་པེའོ་(Mike Pompeo) ཡིས་དབུ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་གསང་ཐབས་ཀྱིས་བྱང་ཀོ་རི་ཡར་ཕེབས་ཏེ། ཀིམ་ཇོང་ཨུན་དང་ཐུག་འཕྲད་གནང་པའི་གནས་ཚུལ་འདིས། ཨ་རིའི་སྲིད་འཛིན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་གཉིས་ཀྱི་ཆེས་མཐོའི་མཇལ་འཕྲད་ཀྱི་གནད་དོན་དེ་སླར་ཡང་གླེང་གཞི་བཟོས་ཡོད་པ་རེད། ཕྱི་ཟླ་ ༤ ཚེས་ ༡༨ ཉིན་ཨ་རིའི་སྲིད་འཛིན་གྱིས་སྐུ་ཞབས་ པོམ་པེའོ་བྱང་ཀོ་རི་ཡར་ཕེབས་པའི་གནས་ཚུལ་ཕྱིར་བསྒྲགས་གནང་ཞིང་། ཁོང་གི་བྱང་ཀོ་རི་ཡའི་འཚམས་འདྲི་འདི་ནི་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ནང་ཨ་རི་དང་བྱང་ཀོ་རི་ཡའི་ཕན་ཚུན་གྱི་འབྲེལ་བའི་འཕེལ་རིམ་གྱི་ནང་ཧ་ཅང་གི་གལ་འགངས་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
སྐུ་ཞབས་ པོམ་པའོ་ནི་ཨ་རིའི་སྲིད་འཛིན་གྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་གནང་རྒྱུའི་འོས་མིར་མཚན་བཏོན་གནང་ཡོད་ཅིང་། སྲིད་འཛིན་ཏྲམཔ་མཆོག་གིས་སྐུ་ཞབས་ པོམ་པེའོའི་བྱང་ཀོ་རི་ཡའི་ནང་གི་འཚམས་འདྲི་དེ་ལམ་ལྷོང་ལྡན་པ་ཞིག་བྱུང་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།