ཨ་རིའི་གཞུང་གསར་བས་བོད་དོན་རྒྱབ་སྐྱོར་གནང་རྒྱུ་གསུངས་བ།


2017.02.02
ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་བ་སྐུ་ཞབས་Rex Tillerson་མཆོག་གིས་དམ་འབུལ་སྐབས། ༢༠༡༧།༡།༡ ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་བ་སྐུ་ཞབས་Rex Tillerson་མཆོག་གིས་དམ་འབུལ་སྐབས། ༢༠༡༧།༡།༡
ྭྷWH

ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་བས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་མ་ཟད། ༧གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
དེ་ཡང་ཟླ་བ་འདིའི་ཚེས་༡་ཉིན་སྐུ་ཞབས་Rex Tillerson་ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་བར་བསྐོ་བཞག་གཏན་འབེབས་བྱུང་འདུག་པ་དང་། སྐབས་དེར་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ནང་། གྲོས་ཚོགས་འཐུས་མི་ཁག་གཅིག་གིས་བོད་དོན་ཐོག་འབྱུང་འགྱུར་སྲིད་བྱུས་ལངས་ཕྱོགས་ཇི་འདྲ་ཞིག་རྒྱུན་འཁྱོངས་གནང་མིན་ཐད་ཀྱི་དྲིས་བར། ཕྱི་སྲིད་དྲུང་ཆེ་མཆོག་གིས་བཟང་ཕྱོགས་ཀྱི་བརྡ་ལན་ཁ་གསལ་ཞིག་གནང་ཡོད་པ་ཕྱི་ཟླ་༢ ཚེས་༡་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་གནས་ཚུལ་སྤེལ་འདུག
དེ་ཡང་བོད་རྒྱ་གཉིས་ཀྱི་འབྲེལ་ལམ་ཐོག་ཨ་རིའི་གཞུང་གི་ལངས་ཕྱོགས་ཇི་འདྲ་ཡིན་མིན་གྱི་དྲི་བར། ཁོང་གིས། སྤྱིར་ཨ་མི་རི་ཀས་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པ་ངོས་འཛིན་བྱེད་པའི་ཐོག་པེ་ཅིང་སྲིད་གཞུང་ནས་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་བམ་ཡང་ན་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་གྲོས་མོལ་ཡོང་བར་སྐུལ་མ་མུ་འཐུད་ཞུ་རྒྱུ་དང་། མ་ཟད་ཁོང་གིས་པེ་ཅིང་སྲིད་གཞུང་གིས་གཙོས་འཛམ་གླིང་རྒྱལ་ཁབ་ཐམས་ཅད་ཀྱིས་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོའི་ཐུན་མིན་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་བོད་མིའི་ངོ་བོར་སྲུང་སྐྱོབ་དང་བརྩི་བཀུར་གནང་རྒྱུར་སྐུལ་མ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
ཡང་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་མིན་ཐད་ཀྱི་དྲི་བར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས། ཐེ་ཚོམ་མེད་པར་མཇལ་འཕྲད་ཞུ་རྒྱུ་ཡིན་ཞེས་ལན་འདེབས་གནང་འདུག་ལ། དེ་བཞིན་ཁོང་གིས་རྒྱ་ནག་གཞུང་གིས་བོད་ནང་དུ་གསར་འགོད་པ་དང་ཉམས་ཞིབ་པ། གཞུང་འབྲེལ་མི་སྣ་སོགས་ལ་ཐོངས་མཆན་མ་སྤྲད་པ་དང་། བོད་ནང་རང་དབང་ཐོག་ཕྱིན་ནས་གནས་ཚུལ་དྲིལ་བསྒྲགས་བྱ་རྒྱུར་དམ་བསྒྲགས་བཀག་འགོག་བྱེད་བཞིན་པའི་དཀའ་ངལ་དེའི་ཐད་ངོས་འཛིན་གཅིག་མཚུངས་ཞུས་ཏེ་ཨ་རྒྱ་གཉིས་འབྲེལ་ལམ་སྐབས་ཨ་རིའི་གཞུང་ནས་ཀྱང་ཨ་རིའི་ནང་ལས་དོན་གཉེར་བཞིན་པའི་རྒྱ་ནག་གཞུང་འབྲེལ་གསར་ལས་ཁང་གི་འགོ་གཙོ་དང་། ལས་བྱེད་སོགས་ཨ་རིར་ཡོང་རྒྱུར་དམ་བསྒྲགས་བྱ་རྒྱུའི་སྲིད་བྱུས་ཐོག་དགོངས་བཞེས་གནང་རྒྱུའི་རྣམ་འགྱུར་བསྟན་འདུག
དེ་མིན་ཡང་ཁོང་གིས་ཨ་རིའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་པར་ཆབ་སྲིད་བཙོན་པའི་གནས་སྟངས་ཆ་རྐྱེན་དུ་བཞག་ནས་རྒྱ་ནག་དང་འབྲེལ་བ་གནང་རྒྱུ་ཡིན་པ་དང་། རྒྱ་ནག་ནང་གི་ཡེ་ཤུ་དང་བོད་མི་ནང་པ། ཁ་ཆེ་ཡུ་གུར་བ། དེ་བཞིན་ཆོས་འཁོར་སྒོམ་སྒྲུབ་བཅས་ཀྱི་ཆོས་དད་རང་དབང་གལ་ཆེར་འཛིན་བཞིན་ཡོད་པ་དང་། ལོ་ལྟར་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་སྐོར་གྱི་ལོ་འཁོར་སྙན་ཐོ་དེ་སྔ་ལྟར། མུ་མཐུད་འདོན་དགོས་ཚུལ་གསུངས་པ་དང་སྦྲགས། དེའི་ནང་དུ་༢༠༡༦་ལོར་རྒྱ་ནག་དེ་བཞིན་ཆོས་དད་རང་དབང་གི་གནས་སྟངས་ཐོག་དམིགས་བསལ་སེམས་འཚབ་བྱེད་དགོས་པའི་རྒྱལ་ཁབ་གཅིག་ཡིན་ཅེས་དྲན་གསོ་གནང་འདུག  
ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པ་Rex Tillerson་ནི་Exxon Mobil་ཞེས་པའི་ཚོང་ལས་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འགན་འཛིན་ཡིན་ཞིང་། ཨ་རིའི་སྲིད་འཛིན་Trumpགིས་ཁོང་ཕྱི་སྲིད་དྲུང་ཆེ་གསར་བར་མིང་འདོན་གནང་རྗེས་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཁོང་ལ་རྒྱབ་སྐྱོར་འོས་གྲངས་༥༦་དང་། དགག་བྱ་གྲངས་༤༣ བར་གནས་༡་བཅས་བྱུང་ནས་ཁོང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པར་བསྐོ་བཞག་གནང་ཡོད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་། གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎