མཉམ་འབྲེལ་རྒྱལ་ཚོགས་དང་ཕྱི་རྒྱལ་སྲིད་གཞུང་ཁག་གིས་རྒྱ་ནག་དང་ཝི་ཏི་ནམ་གཞུང་ལ་གནོན་ཤུགས་སྤྲད་དེ། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་རྐྱེན་འདས་ཀྱི་གནས་ཚུལ་ཅི་ཡིན་ཕྱི་གསལ་ནང་གསལ་བཟོ་དགོས་ཡོད་ཅེས། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་རེ་འདུན་བཏོན་ཡོད་པ།

2025.04.21
མཉམ་འབྲེལ་རྒྱལ་ཚོགས་དང་ཕྱི་རྒྱལ་སྲིད་གཞུང་ཁག་གིས་རྒྱ་ནག་དང་ཝི་ཏི་ནམ་གཞུང་ལ་གནོན་ཤུགས་སྤྲད་དེ། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་རྐྱེན་འདས་ཀྱི་གནས་ཚུལ་ཅི་ཡིན་ཕྱི་གསལ་ནང་གསལ་བཟོ་དགོས་ཡོད་ཅེས། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་རེ་འདུན་བཏོན་ཡོད་པ། བཞུགས་སྒར་རྡ་རམ་ས་ལར་གསར་འགོད་གསལ་བསྒྲགས་སྤེལ་བཞིན་པ། ༢༠༢༥།༠༤།༢༡
RFA/Tenzin Lekmon

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་རེས་གཟའ་ཉི་མའི་ཉིན་གསང་སྟབས་ཀྱིས་ཞུགས་འབུལ་བྱས་པར་བརྟེན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔ་ནས་ངོ་རྒོལ་དང་སྦྲགས། མཉམ་འབྲེལ་རྒྱལ་ཚོགས་དང་ཕྱི་རྒྱལ་སྲིད་གཞུང་ཁག་གི་གནོན་ཤུགས་འོག་རིན་པོ་ཆེ་གྲོངས་རྐྱེན་གསལ་པོ་བཟོ་དགོས་པའི་དགོདས་འདུན་བཏོན་སོང་།

རྒྱ་ནག་གསང་བའི་ལས་ཁུངས་དང་ཝིཡེཏ་ནམ་གཞུང་གཉིས་ལག་སྦྲེལ་གྱིས་བོད་ནང་སློབ་གསོ་དང་ཉམ་ཐག་ལ་རོགས་རམ། ཆོས་ཕྱོགས་གང་གི་ཆ་ནས་ཀྱང་ཤུགས་རྐྱེན་ཆེན་པོ་ཡོད་པའི་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག ཝིཡེཏ་ནམ་རྒྱལ་ཁབ་ནང་འཛིན་བཟུང་དང་ཆབས་ཅིག ཉེན་རྟོག་པའི་བཀག་ཉར་ཁང་དུ་གློ་བུར་འདས་གྲོངས་སུ་གྱུར་ནས་སྐུ་ཕུང་རྟོག་ཞིབ་བྱེད་མི་བཅུག་པ་མ་ཟད། འབྲེལ་ཡོད་ལུང་སྔོན་དགོན་པའི་དགེ་འདུན་པ་སྐུ་རྩ་གདུང་བདག་རྣམ་པར་སྐུ་ཕུང་རྩིས་སྤྲོད་མི་བྱས་པར། བཙན་པོ་དབང་ཡོད་ཀྱི་སྒོ་ནས་རེས་གཟའ་པ་སངས་ཉིན་སྐུ་ཕུང་དུར་ཁྲོད་དུ་གདན་འདྲེན་དང་། རེས་གཟའ་ཉི་མའི་ཉིན་སྐུ་ཕུང་གསང་སྟབས་ཀྱིས་ཞུགས་འབུལ་བྱས་པར་བརྟེན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔ་ནས། སྤྱི་ཟླ་ ༤ པའི་ཚེས་ ༢༡ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ནས་སྒྲོག་སྦྱང་གནང་བའི་གསར་འགོད་གསལ་བསྒྲགས་ནང་། “མཉམ་འབྲེལ་རྒྱལ་ཚོགས་དང་ཕྱི་རྒྱལ་སྲིད་གཞུང་ཁག་གིས་རྒྱ་ནག་དང་ཝིཡེཏ་ནམ་གཞུང་ལ་གནོན་ཤུགས་སྤྲད་དེ། སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་རྐྱེན་འདས་ཀྱི་གནས་ཚུལ་ཅི་ཡིན་ཕྱི་གསལ་ནང་གསལ་བཟོ་དགོས་ཡོད་ཅེས། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་རེ་འདུན་བཏོན་པ་དང་ཕྱོགས་མཚུངས། མཉམ་འབྲེལ་རྒྱལ་ཚོགས་ལ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་རྐྱེན་འདས་དང་འབྲེལ་བའི་གནད་དོན་ཁག་གི་ངན་བྱུས་དང་། འཆར་གཞི་སྒྲིག་མཁན། ལག་བསྟར་བྱེད་མཁན་ཡོངས་རྫོགས་ངོས་འཛིན་ཡོང་བའི་”འབོད་སྐུལ་ཀྱང་ཞུས་གནང་སོང་།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ནས། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་ལགས་རྐྱེན་འདས་སོང་བའི་གནས་སྟངས་དེས། བོད་ནང་བོད་མི་ཚོར་བདེ་འཇགས་དང་སྲུང་སྐྱོབ་མེད་པ་གསལ་བོ་ཡིན་པ་མ་ཟད། ཕྱི་རྒྱལ་དུའང་བོད་མི་ཚོས་རྒྱ་ནག་གི་འདོད་བློ་དང་མ་བསྟུན་པ་ཡིན་ན། བོད་མི་ཚོར་བདེ་སྲུང་ཐོག་ཉེན་ཁ་ཆེན་པོ་ཡོད་པ་གསལ་བོ་ཡིན་པ་དང་། ད་ལྟ་ཝིཡེཏ་ནམ་དུ་ཡོད་པའི་མགོ་ལོག་ལུང་སྔོན་དགོན་པའི་དགེ་འདུན་པ་ཚོའི་བདེ་སྲུང་ཐོག་དོ་སྣང་བྱེད་དགོས་པ་ཧ་ཅང་གལ་ཆེན་ཡིན་པ་དང་། མ་འོངས་པར་བོད་མི་ཚོར་ཉེན་ཁ་གཅིག་མཚུངས་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ནས་སྲུང་སྐྱོབ་གནང་དགོས་པའི་སྐུལ་མ་གནང་བཞིན་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཉེ་ལམ་ལྷོ་ཤར་ཨེ་ཤེ་ཡའི་ནང་ལྟ་སྐོར་ཕྱིན་པ་དང་སྐབས་བསྟུན། ཝིཡེཏ་ནམ་གཞུང་གིས་རྒྱ་ནག་ལ་ངོ་དགའ་སྤྲེལ་ལད་ཆེད་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་བཀྲོངས་པར་ངོས་འཛིན་བྱས་ཆོག་པ་ཞིག་དང་། ང་ཚོས་འབྲེལ་ལམ་དང་ལས་འགུལ་ཅི་དྲག་ལ་མ་ལྟོས་པར་ཝིཡེཏ་ནམ་གཞུང་གིས་ད་དུང་ཡང་ང་ཚོ་ལ་ལན་རག་མེད་པ་མ་ཟད། སྤྲུལ་སྐུ་མཆོག་གི་སྐུ་ཕུང་ཡང་རྩིས་སྤྲོད་བྱས་མེད་པས། གཞུང་དང་གཞུང་འབྲེལ་མིན་པ་སུ་ཡིན་ནའང་རྒྱུན་མཐུད་དེ་ཤུགས་རྒྱག་དགོས་ཞེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས་གསལ་སྟོན་གནང་གི་འདུག

གཞི་རྩའི་གསར་འགོད་བསྒྲགས་གཏམ་སྤེལ་མཁན་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ནི་བོད་ཀྱི་གཞོན་ནུའི་ལྷན་ཚོགས་དང་། བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་བཅས་ཡིན་པ་དང་མཚུངས། མཆོག་སྤྲུལ་རིན་པོ་ཆེའི་གནས་ཚུལ་སྔ་ཕྱི་གསལ་བཤད་གནང་བར། འབྲེལ་ཡོད་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱང་ཆེད་བཅར་གནང་ཡོད་པ་རེད། །

གསར་འགོད་པ། བློ་བྷེ། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎