རྒྱ་ནག་ནང་ཕྱི་ནང་གི་ཕྱོགས་མང་པོ་ཞིག་གི་དཀའ་ངལ་འཕྲད་བཞིན་པ།

རྒྱ་ནག་ནང་ངོ་རྒོལ་དང་ནད་ཡམས་འབྱུང་བའི་གོད་ཆགས་སོགས་ཀྱི་དཀའ་ངལ་གཅིག་འཇུག་གཅིག་མཐུད་ཀྱི་འཕྲད་བཞིན་ཡོད་པ་རེད།

2008.05.13

༄༅༎རྒྱ་ནག་ནང་གཞུང་གིས་འདི་ལོ་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་གྱི་མགྲོན་བདག་བྱ་རྒྱུའི་གོ་སྐབས་དེ་བརྒྱུད་འཛམ་གླིང་ནང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་དབང་ཤུགས་མངོན་འགྱུར་ཡོང་ཐབས་བྱ་རྒྱུའི་ཚབ་ཏུ་གོད་ཆགས་སོགས་ཕྱི་ནང་གི་ཕྱོགས་མང་པོ་ཞིག་གི་དཀའ་ངལ་འཕྲད་བཞིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

དེ་ཡང་ཉེ་ཆར་ཕྱི་ཟླ་དང་པོ་དང་གཉིས་པའི་ནང་རྒྱ་ནག་དབུས་དང་ལྷོ་ཕྱོགས་ཁུལ་དུ་ནམ་དུས་གནམ་གཤིས་ལས་ལྡོག་པའི་གྲང་ངར་ཆེན་པོ་བསྟེན་པ་དང་རྒྱ་ལམ་སོགས་འཁྱགས་པ་ཐེབས་ཏེ་འགྲིམས་འགྲུལ་གྱི་འགྲོ་ལམ་འགག་པ་དང་མི་དམངས་ས་ཡ་མང་པོར་ཆུ་གློག་ཆད་པ་མ་ཟད། གནོད་འཚེ་དེའི་འོག་ཉུང་མཐར་མི་གྲངས་༡༣༠ ཙམ་རྐྱེན་ལམ་དུ་ཕྱིན་པ། མི་དམངས་ས་ཡ་གཉིས་ཙམ་ཉེན་གཡོལ་ཆེད་ས་གནས་གཞན་ལ་གནས་སྤོ་བྱེད་དགོས་བྱུང་། ས་ཞིང་ཧེག་ཊར་ས་ཡ་མང་པོའི་སྟོན་ཐོག་རྩ་མེད་དུ་ཕྱིན་པ། སྒོ་ཕྱུག་སེམས་ཅན་ས་ཡ་༧༠ ལྷག་ཤི་བ་སོགས་ཀྱིས་དཔལ་འབྱོར་གྱོང་གུད་ཁྱོན་ཨ་རིའི་ཌོ་ལར་ས་ཡ་༡༥ལྷག་ཕྱིན་པའི་གནས་ཚུལ་བྱུང་ཡོད་ཅིང་། དེ་རྗེས་ཕྱི་ཟླ་གསུམ་པའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་འགོ་བཙུགས་པའི་རྗེས་ཕྱི་ཚེས་༡༤ ཉིན་གཏོར་སྐྱོན་དང་མེར་བསྲེགས་ཀྱི་ཟིང་སློང་ནང་མི་གྲངས་༡༩རྐྱེན་ལམ་དུ་ཕྱིན་སྐོར་རྒྱ་ནག་གཞུང་གིས་གནས་ཚུལ་བཤད་ཀྱི་ཡོད་པ་དང་

ཡིན་ནའང་བཙན་བྱོལ་བོད་གཞུང་གིས་བོད་ཆོལ་ཁ་གསུམ་དང་དེའི་ཉེ་འཁོར་གྱི་ས་ཁུལ་ནང་གི་དོན་རྐྱེན་ཁྲོད་མི་དམངས་༡༤༠དམར་གསོད་བཏང་བའི་བསྡོམས་རྩིས་ཞིག་བཏོན་གནང་བ་སོགས་ཀྱི་བོད་ནང་གི་དུས་ཟིང་གི་དཀའ་ངལ་ཐོག་ཉེ་ཆར་ཕྱི་ཟླ་གསུམ་པ་ནས་རྒྱ་ནག་གི་ཤར་ཕྱོགས་ས་ཁུལ་དུ་འགོས་ནད་ཞིག་ཐོན་ཏེ་ཉུང་མཐར་ཕྲུ་གུ་༣༩རྐྱེན་ལམ་དུ་ཕྱིན་པ་དང་ཕྲུ་གུ་འབུམ་གསུམ་ཙམ་ལ་འགོས་ནད་དེ་འགོས་ཁྱབ་བྱུང་བའི་དཀའ་ངལ་ཐག་གཅོད་མ་བྱུང་གོང་སླར་ཡང་རེས་གཟའ་ཟླ་བའི་ཉིན་ས་ཡོམ་འགུལ་ཚད་ཤུགས་ཆེ་ཞིག་བརྒྱབ་ཏེ་རྒྱ་ནག་གཞུང་གིས་ད་རིང་བར་མི་གྲངས་ཆིག་ཁྲི་ཉིས་སྟོང་རྐྱེན་ལམ་དུ་ཕྱིན་པའི་སྡོམས་རྩིས་བཏོན་པ་བཞིན་རྒྱ་ནག་ནང་ངོ་རྒོལ་དང་ནད་ཡམས། འབྱུང་བའི་གོད་ཆགས་སོགས་ཀྱི་དཀའ་ངལ་གཅིག་འཇུག་གཅིག་མཐུད་ཀྱི་འཕྲད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎