གྲོས་ཚོགས་སུ་ཁྲིམས་བཟོའི་ལས་དོན་གྱི་བརྗོད་པ་གཉིས་པའི་ནང་།“ཁྲིམས་ཀྱིས་ངོས་བཞེས་”ཞེས་པར་གྲོས་ཚོགས་འཐུས་མི་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་འདང་བར་ཟགས་སོང་།

2025.03.28
གྲོས་ཚོགས་སུ་ཁྲིམས་བཟོའི་ལས་དོན་གྱི་བརྗོད་པ་གཉིས་པའི་ནང་།“ཁྲིམས་ཀྱིས་ངོས་བཞེས་”ཞེས་པར་གྲོས་ཚོགས་འཐུས་མི་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་འདང་བར་ཟགས་སོང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་འཚོག་བཞིན་པ། ༢༠༢༥།༠༣།༢༧
TPiE

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བཅུ་གཅིག་ཉིན་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དང་འབྲེལ། ཁྲིམས་ཀྱི་ངོས་བཞེས་ཀྱི་གནད་དོན་སྐོར་བགྲོ་གླེང་གནང་རྗེས་གྲོས་ཚོགས་འཐུས་མི་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་འདང་བར་ཟགས་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་ ༡༡ སྟེ། སྤྱི་ཟླ་ ༣ པའི་ཚེས་ ༢༨ ཉིན་གྲོས་ཚོགས་སུ་ཁྲིམས་བཟོའི་ལས་དོན་ཁྲོད་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ཁྲིམས་འཆར་བརྗོད་པ་གཉིས་པ་ཕྱིན་པའི་ནང་། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་དྲུག་ཅུ་རེ་དགུ་པ། གཞི་རྩའི་ཐོབ་ཐང་ལག་བསྟར་ཡོང་བའི་བདེ་སྙན་གྱི་ཁོངས། ནང་གསེས་(ཏ་)པ་“ཁྲིམས་ཀྱིས་ངོས་བཞེས། ཁྲིམས་ཞིབ་ཁང་ནས་བོད་ཀྱི་ཡུལ་མི་སུ་རུང་གི་གཞི་རྩའི་ཐོབ་ཐང་ངམ། ཁྲིམས་ཀྱི་ཐོབ་ཐང་གང་རུང་ལ་གནོད་འགལ་བྱུང་བའམ། སྤྱི་པའི་ཁེ་ཕན་ལ་གནོད་འགལ་བྱུང་བ་ཞིག་ཤེས་ཚོར་བྱུང་ཚེ། བྱ་རིམ་གཞན་ལ་བསྟུན་མ་དགོས་པར་ཁྲིམས་ཀྱིས་ངོས་བཞེས་བརྒྱུད། རྩོད་ལན་པར་བརྡ་ཐོ་བཏང་སྟེ་ཁྲིམས་ཞིབ་ཐག་གཅོད་བྱེད་ཆོག་”ཅེས་པའི་ཁྲིམས་བཟོའི་ལས་དོན་ཐོག་སྤྱི་འཐུས་རྣམ་པས་བསམ་ཚུལ་མི་མཐུན་པ་ཤུགས་ཆེ་བཏོན་པ་བརྒྱུད། བརྗོད་པ་གཉིས་པར་གྲོས་ཚོགས་འཐུས་མི་ངོ་ཡོད་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་འདང་བར་བརྟེན། གཏན་འབེབས་གནང་མ་ཐུབ་པར་ཟགས་ཡོད་ཅིང་། ཁྲིམས་ཀྱིས་ངོས་བཞེས་ལ་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་ནས་ཁྲིམས་ཀྱིས་ངོས་བཞེས་ནི་དངོས་གནས་དྲང་གནས་མི་ཉམ་ཐག་མགོན་མེད་ཅིག་གི་གནས་ཚུལ་ཁྲིམས་ཞིབ་ཁང་ནས་མཁྱེན་པ་ཡིན་ན། དེའི་ཁྲིམས་ཡར་ལ་ལེན་པའི་ལམ་ཁ་དེ་རེད་སྙམ་པས། དེ་ང་ཚོས་བཀག་ན་དྲང་པོ་མ་རེད་ཅེས་གསུངས།

ཡང་ཁྲིམས་བཟོའི་ལས་དོན་དེ་ལ་དགག་བྱ་གནང་མཁན་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ནས། ཁྲིམས་ཀྱི་ངོས་བཞེས་ཞེས་པར་དེའི་སྔོན་སྤྱི་འཐུས་ཁག་ཅིག་གིས་འགྲེལ་བཤད་བརྒྱབ་སོང་། དེ་ངོ་གདོང་རང་བྱས་པ་ཡིན་ན་འགྲིག་གི་ཡོད་ནའང་། ངོ་གདོང་རང་ཇི་བཞིན་དུ་ལག་བསྟར་བྱས་ཡོད་དམ་ཞེ་ན་བྱས་ཡོད་པ་མ་རེད། མི་གསུམ་གྱིས་དབང་ཆ་བེད་སྤྱོད་ལོག་པར་བཏང་ནས་སྤྱི་འཐུས་ལྷན་ཚོགས་རང་རྦད་དེ་འགྱུར་བ་བཏང་དགོས་པ་འདྲ་བོའི་རྙོག་གྲ་ཆེན་པོ་ཆགས་ཡོད་ཅིང་། ད་ལྟ་འདི་བཞག་པ་ཡིན་ན་བེད་སྤྱོད་ལོག་པར་གཏང་མི་སྲིད་པ་མ་རེད་ཅེས་དགག་པ་གནང་སོང་།

མཐའ་སྡོམ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས། གྲོས་ཚོགས་ལམ་རིམ་འདིར་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཙོས་པའི་སྤྱི་འཐུས་ ༤༣ ཡོད་པ་ལས། སྤྱི་འཐུས་ ༢༨ དེ་ངོ་ཡོད་གསུམ་ཆ་གཉིས་ཀྱིས་རྒྱབ་སྐྱོར་གནང་དགོས་ཀྱི་འདུག་ཅེས། སྤྱི་འཐུས་རྣམ་པས་ཕྱག་བསྐྱངས་ཏེ་ངོ་ཡོད་གསུམ་ཆ་གཉིས་ཀྱིས་རྒྱབ་སྐྱོར་མ་འདང་བར་ཁྲིམས་ཀྱིས་ངོས་བཞེས་ཞེས་པའི་ཁྲིམས་བཟོའི་ལས་དོན་བརྗོད་པ་གཉིས་པ་འགྲོ་མ་ཐུབ་པར་ཟགས་བའི་གསལ་བསྒྲགས་གནང་ཡོད།

དེ་སྔ་སྤྱི་ལོ་ ༢༠༢༠ ལོའི་ཟླ་ ༨ པའི་ཚེས་ ༢༡ ཉིན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་མང་ཁྲིམས་ཡིག་དོན་ཚན་ ༦༩ པའི་ཏ་པ་གཞིར་བཟུང་ཁྲིམས་ཀྱིས་ངོས་བཞེས་བརྒྱུད་ཞིབ་འཇུག་བགྱིས་ཏེ། སྐབས་དེའི་སྤྱི་ལོ་ ༢༠༢༠ ལོའི་སྤྱི་ཚེས་ ༢༥ ནས་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༣ པའི་ཚེས་ ༡༡ བར། ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་རྒྱུན་ལས་རྣམ་པར་གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་གནང་ཡོད་པར། སྤྱི་ཟླ་ ༨ པའི་ཚེས་ ༢༨ ཉིན་སྤྱི་འཐུས་རྒྱུན་ལས་ནས་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་བརྡ་ཐོ་ཕྱིར་སློག་གནང་བ་སོགས་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་ཀ་བ་གསུམ་ནས་ཀ་བ་གཉིས་ཀྱི་དབར་གླེང་གཞི་ཧ་ཅང་ཆེན་པོ་བྱུང་ཡོད་པ་རེད། །

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎