བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་ཏུ་སྒྱུར་ཐབས་ཀྱི་རྨི་ལམ་དེ་ནམ་ཡང་འགྲུབ་ཐབས་མེད་པ་ཞིག་ཡིན་པ། སྤྱི་འཐུས་ཚོགས་གཞོན་མཆོག་ནས་གསུངས་སོང་།
ཕྱི་ཟླ་༡༢ཚེས་༢༨ཉིན་རྒྱ་ནག་གཞུང་འབྲེལ་ངོས་ནས་བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་ལོ་༢༠༢༢ལོའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་ཟེར་བ་ཞིག་ཚོགས་སྟེ། བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲང་ཟེར་བས་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཚོས། ནང་བསྟན་རྒྱ་ནག་ཅན་ཏུ་སྒྱུར་ཐབས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་འདུ་ཤེས་སྲ་བརྟན་དང་ཁ་བྲལ་ལ་ངོ་རྒོལ་དགོས་པ་སོགས་བཤད་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ནས་ཕྱི་ལོ་༢༠༢༢ལོར་སྤྱི་ཡོངས་ནས་རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་ཚོགས་འདུ་ཁག་དང་འབྲེལ་ནས། རྒྱ་ནག་གཞུང་ཆེས་འཇིགས་སྣང་བྱེད་ས་དེ་བོད་རྒྱུད་ནང་བསྟན་དེ་ཆགས་ཡོད་པ་མངོན་གསལ་ཡིན་པ་དང་། བོད་བརྒྱུད་ནང་བསྟན་དེ་བོད་མི་རིགས་ཀྱི་སྙིང་སྟོབས་ཆགས་ཡོད་སྟབས། དེ་རྒྱ་ནག་ཅན་ཏུ་སྒྱུར་རྒྱུའི་རྨི་ལམ་ནམ་ཡང་འགྲུབ་ཐབས་མེད་པ་ཞིག་ཡིན་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་སོང་།
གཞན་ཡང་ཆོས་ལུགས་ཚོགས་འདུ་དེའི་སྟེང་ཝང་ཅུན་ཀྲང་ཟེར་བས་མུ་མཐུད་དགེ་འདུན་པ་ཚོས། ཆོས་སྒོར་ཞུགས་ཀྱང་རྒྱལ་གཅེས་མི་བརྗེད་པ་དང་། གུང་ཁྲན་ཏང་མེད་ན་རྒྱ་ནག་གསར་པ་མེད་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་མེད་པས། རྒྱལ་སྐྱོང་འགྲོ་ཕན་དང་བརྟན་ལྷིང་སྲུང་སྐྱོང་ཐད་ལེགས་སྐྱེས་འབུལ་བ་བཅས་བྱེད་དགོས་པ་སོགས་བརྗོད་ཡོད་པ་དང་། སྤྱི་འཐུས་ཚོགས་གཞོན་མཆོག་ནས་ཆོས་མེད་སྨྲ་བ་ཚོས་ཆོས་ལུགས་ཀྱི་ཚོགས་འདུ་ཚོགས་སྟེ། ཆོས་པ་ཚོས་ཁ་བྲལ་ལ་འཐབ་རྩོད་དང་གཞན་ལ་གནོད་སེམས་ཀྱི་ལས་སྤེལ་དགོས་པར་བཤད་པ་དེ་ནང་བསྟན་ཆོས་ལུགས་ནང་དེ་ལྟར་རྩ་ནས་གསུངས་མེད་པས། ཡ་མཚན་སྐྱེས་གཞི་ཞིག་རང་བཞིན་གྱིས་ཆགས་ཡོད་པ་དང་། དེ་བཞིན་རྒྱལ་ཁབ་ཁ་བྲལ་དང་བརྟན་བརླིང་ཟེར་བའི་འོག་ནས་བོད་ཀྱི་ན་གཞོན་ཚོར་རྒྱ་སྒྱུར་སློབ་གསོ་སྤེལ་ནས་རྒྱ་མི་རིགས་ལ་བསྒྱུར་ཐབས་སྣ་ཚོགས་བྱེད་བཞིན་ཡོད་པ་དེ་དག་ཆབ་སྲིད་ཀྱི་ངན་ཇུས་ཆེ་ཤོས་ཤིག་ཆགས་ཡོད་པ་གསུངས་སོང་།
ཕྱི་ལོ་༢༠༢༢ལོར་རྒྱ་ནག་གཞུང་འབྲེལ་མགོ་ཁྲིད་ཚོས་ཞི་ཅིན་ཕིན་བོད་དུ་ཕེབས་སྐབས་ཀྱི་གཏམ་བཤད་དང་། བོད་ཀྱི་བཞུགས་མོལ་ཚོགས་འདུའི་ནང་དོན་ཟེར་བ་སོགས་ཀྱི་དགོངས་དོན་བཤད་དེ། སྔ་གཞུག་ཏུ་ཚོགས་འདུ་རིམ་པའི་སྟེང་ཁ་བྲལ་ལ་ངོ་རྒོལ་དང་། རྒྱལ་ཁབ་བརྟན་བརླིང་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་ཏུ་སྒྱུར་ཐབས་ཀྱི་སྐད་ཆ་རིམས་པར་བཤད་ཡོད་པ་མ་ཟད། ལྷ་སར་རིམས་ནད་ཁྱབ་གདལ་དང་འབྲེལ་ཝང་ཅན་ཀྲང་ཟེར་བས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་དགོས་པ་སོགས་བཤད་ཡོད་པ་རེད་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། འདི་ལོ་བོད་ནང་ཆེས་སྡུག་ཤོས་དེ་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག་ལ་དམ་དྲགས་དང་སྒྱུར་བཅོས་གཏོང་ཐབས་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པ་དང་། དེ་དག་གི་མིང་འོག་ནས་ཁ་བྲལ་བར་རྩིས་ནས་བོད་མི་ཤེས་ཡོན་པ་མང་དག་ཅིག་འཛིན་བཟུང་དང་རྩ་མེད་བཏང་ཡོད་པ་བརྗོད་བྱུང་།
ཐེངས་འདིར་ལྷ་སར་ཚོགས་པའི་ཆོས་ལུགས་འདུ་འཛོམས་དེ་དང་འབྲེལ། བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། ཀུན་འབྱུང་། དཔལ་ལྡན་དོན་ཡོད། ཟླ་བ་ཚེ་རིང་། རྟ་ཐོག་བློ་བཟང་ཡེ་ཤེས། ཐུབ་བསྟན་གྲགས་པ། ངག་དབང་འཇིགས་གྲགས། བློ་བཟང་བསམ་གཏན་བཅས་ཀྱིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་ནས་གཏམ་བཤད་དང་། ཆོས་ལུགས་ལས་རིགས་དང་རྒྱ་ཆེའི་གྲྭ་བཙུན་ཚོས་བོད་ཡུན་རིང་བདེ་འཁོད་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་ཐབས་ལ་འབད་བརྩོན་གྱི་སྐད་ཆ་སོགས་བཤད་ཡོད་སྐོར་བཀོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།