བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ནེ་ཌར་ལན་ཌི་རྒྱལ་ཁབ་ཏུ་བོད་དོན་ཞུ་སྐུལ་གནང་ཡོད་པ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཁག་ནས་ཕྱི་རྒྱལ་ཡུལ་ཁག་ཏུ་བོད་དོན་ཞུ་སྐུལ་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར། ཟླ་ ༡༢ ཚེས་ ༡༠ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས་རྣམ་གཉིས་ནས་ཡོ་རོབ་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱིས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ལས་ཁུངས་སུ་ཆེད་ཕེབས་གནང་སྟེ། དེ་གའི་ལས་བྱེད་རྣམས་དང་ལྷན་མཇལ་འཕྲད་ཀྱིས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ཞིབ་རྒྱས་འགྲེལ་བཤད་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་བོད་དོན་ཀྱི་ཐད་ལ་གནས་ཚུལ་ཅི་མང་སྤེལ་རྒྱུ་དང་། སྙན་ཐོ་འདོན་དགོས་པ་སོགས་ཀྱི་་བཀའ་མོལ་གནང་ཡོད་པ་དང་ཕྱོགས་མཚུངས། ནེ་ཌར་ལན་ཌི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ (Hague) ཡི་ནང་ནེ་ཌར་ལན་ཌི་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱ་ནག་ཚན་པའི་སྲིད་བྱུས་འགན་འཁུར་བ་རྒན་པ་ལྩམ་སྐུ་ (Kim Peters) མཆོག་དང་། འགྲོ་བ་མིའི་ཐོབ་ཐང་དང་ཕྱི་སྲིད་ལས་ཁུངས་ཀྱི་སྲིད་བྱུས་འགན་ཁུར་བ་ལྕམ་སྐུ་ (Ms Mariska Meijerhof) མཆོག་རྣམ་གཉིས་དང་ལྷན་དུའང་། དེ་གའི་ཚོགས་ཆུང་ཚོགས་སའི་ལས་ཁུངས་སུ་མཇལ་འཕྲད་གནང་སྟེ།སྤྱི་འཐུས་རྣམ་པ་གཉིས་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གླེང་སློང་དང་།ད་བར་ནི་ཌར་ལན་ཌེ་གཞུང་ནས་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་དང་བསྟུན།མ་འོངས་པར་ཡང་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་བཅས། སྦེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་ཕྱི་ཚེས་ ༡༠ ཉིན་སྤྱི་འཐུས་རྣམ་གཉིས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་སྟབས་བསྟུན། རྒྱ་ནག་གི་མནར་གཅོད་མྱོང་བཞིན་པའི་བོད་མི་རིགས་དང་། ཡུ་གུར་མི་རིགས། ཧོང་ཀོང་པ། ལྷོ་སོག་པོའི་མི་རིགས་སོགས་ཀྱིས་རྒྱ་ནག་དམར་ཤོག་ལ་ཞི་རྒོལ་གནང་བཞིན་ཡོད་པའི་སར་ཆེད་ཕེབས་གནང་ཡོད་པ་མ་ཟད། ནི་ཌར་ལན་ཌེ་བོད་རིགས་ཚོགས་པའི་ངོས་ནས་སྤྱིར་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱིས་ལོ་ངོ་ ༣༥ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་ཕེབས་ཏེ། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་དགོངས་གཞིའི་སྐོར་མང་ཚོགས་ལ་ལམ་སྟོན་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས་ནས་བོད་ནང་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་ཀྱི་སྲིད་ཇུས་འཛིན་བཞིན་པ་དང་བོད་ཕྲུག་རྒྱ་བསྒྱུར་གྱི་སློབ་གསོ་སྤེལ་སྟངས་སོགས་ཀྱི་སྐོར་གསལ་བཤད་གནང་བ། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས་ནས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
ཕྱི་ཚེས་ ༡༡ ཉིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཅིག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ས་གནས་བོད་རིགས་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། སྐུ་ཚབ་དོན་གཅོད་ཁང་བཅས་དང་ལྷན་འཛོམས་གནང་སྟེ། མ་འོངས་བོད་དོན་ལས་འགུལ་སྤེལ་ཕྱོགས་ཇི་དགེ་དང་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་སོགས་ཀྱི་ཐོག་ཚོགས་འདུ་བསྐོངས་པའི་སྟེང་། བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཀྱང་ལྷན་ཞུགས་ཀྱིས་གོ་བསྡུར་ཧ་ཅང་ལྷུག་པོ་གནང་ཐུབ་ཡོད་པ་རེད་འདུག
གསར་འགོད་པ། རྡོ་རྗེ་སྒྲོལ་མ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།
་