བོད་མི་མང་སྤྱི་འཐུས་རྣམས་ནས་རྒྱ་གར་དབུས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་པ།

2024.12.17
བོད་མི་མང་སྤྱི་འཐུས་རྣམས་ནས་རྒྱ་གར་དབུས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་པ། བོད་མི་མང་སྤྱི་འཐུས་རྣམས་ནས་རྒྱ་གར་གྲོས་འཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་སྐུལ་སྐབས། ༢༠༢༤།༡༢།༡༦ ཉིན།
Photo: RFA

རྒྱ་གར་དགུན་དུས་གྲོས་ཚོགས་འཚོག་བཞིན་པའི་དུས་སྐབས་དང་བསྟུན། ཟླ་ ༡༢ ཚེས་ ༡༦ ནས་ ༡༨ བཅས་ཉིན་གྲངས་གསུམ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་གཙོས་པའི་སྤྱི་འཐུས་ཁག་ཅིག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆེད་ཕེབས་ཀྱིས། རྒྱ་གར་དབུས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་གནང་སྟེ། བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་དེ་ཡང་། འདི་ཚེས་ ༡༣ ནས་ ༡༥ བཅས་ཉིན་གྲངས་གསུམ་རིང་བོད་མི་མང་སྤྱི་འཐུས་རྣམས་ནས་རྒྱལ་ས་ལྡི་ལིར་ཐབས་བྱུས་དང་འབྲེལ་ལམ་ཚོགས་འདུ་ཞིག་འཚོགས་ཡོད་པ་དེ་བཞིན་གྲུབ་མཚམས་སུ། ཚོགས་འདུར་བཅར་མཁན་སྤྱི་འཐུས་རྣམ་པ་ཚོགས་ཆུང་དྲུག་ལ་ཆ་བགོས་ཀྱིས། རྒྱ་གར་རྒྱལ་ས་ལྡི་ལིར་མངའ་སྡེ་ཁག་བཅུ་དྲུག་གི་གྲོས་ཚོགས་འཐུས་མི་རྣམས་དང་གནད་ཡོད་མི་སྣ་ཁག་ལ་ཐུག་འཕྲད་གནང་ཡོད་ཅིང་། ཁོང་རྣམས་ལ་བོད་དོན་ཞུ་སྐུལ་གནང་བའི་སྐབས་བོད་དང་འབྲེལ་བའི་ཡིག་ཆ་ཁག་དང་ལྷན། བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་དོན་ཚན་བརྒྱད་ཅན་གྱི་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

470209865_1049449610560057_6439483837465970670_n.jpg
བོད་མི་མང་སྤྱི་འཐུས་རྣམས་ནས་རྒྱ་གར་གྲོས་འཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་སྐུལ་སྐབས། ༢༠༢༤།༡༢།༡༦ ཉིན།

སྤྱི་འཐུས་ཚོགས་གཙོ་མཆོག་ནས་མུ་མཐུད་གསུངས་དོན་ལ། ཁོང་གི་ཚོགས་ཆུང་ནས་རྒྱ་གར་མངའ་སྡེ་ (West Bangal) དང་ (Chhattisgarh) དང་ (Jharkhand) དེ་བཞིན་(Odisha) བཅས་ཀྱི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་ཀྱིས། བོད་དོན་ཞུ་སྐུལ་གནང་བར་གྲོས་ཚོགས་འཐུས་མི་རྣམས་ནས་ཀྱང་བོད་ཀྱི་གནད་དོན་ནི་གལ་ཆེན་ཞིག་ཏུ་ངོས་འཛིན་གྱིས། མུ་མཐུད་བོད་དོན་ཐད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་པ་གསུངས་བྱུང་།

470629695_1049450240559994_8265828474793931187_n.jpg
བོད་མི་མང་སྤྱི་འཐུས་རྣམས་ནས་རྒྱ་གར་གྲོས་འཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་སྐུལ་སྐབས། ༢༠༢༤།༡༢།༡༦ ཉིན།

གཞན་ཡང་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་ཡུ་སྒྲོན་ལགས་ནས། ད་ལྟའི་ཆར་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་གྲོས་ཚོགས་འཚོག་བཞིན་ཡོད་པ་དང་བསྟུན། སྤྱི་འཐུས་རྣམས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉིན་རེར་གྲོས་ཚོགས་འཐུས་མི་དྲུག་ལྷག་དང་མཇལ་འཕྲད་ཀྱིས། གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་ནས་གྲོས་ཚོགས་སུ་བོད་དོན་ཐོག་གླེང་སློང་ཡོང་བའི་ཞུ་སྐུལ་གནང་ཡོད་ཅིང་། ད་ལྟའི་ཆར་ལས་གཞི་ཚགས་ཚུད་གང་ལེགས་འགྲོ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

470234459_1049460760558942_7026150974436739239_n.jpg
བོད་མི་མང་སྤྱི་འཐུས་རྣམས་ནས་རྒྱ་གར་གྲོས་འཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་སྐུལ་སྐབས། ༢༠༢༤།༡༢།༡༦ ཉིན།

རྩ་བའི་མཇལ་འཕྲད་སྐབས་སོ་སོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་སོ་སོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྙན་ཞུ་དོན་ཚན་ ༨ འཁོད་ཅན་ཞིག་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་ལ་ཕུལ་བཞིན་ཡོད་པའི་བོད་དོན་ཞུ་སྙན་དོན་ཚན་བརྒྱད་ནི། ༡) བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་དམར་གཞུང་གི་དབང་བསྒྱུར་བཙན་བཟུང་འོག་ཡོད་པར་ངོས་འཛིན་བྱུ་རྒྱུ་དང་། ༢) བོད་རྒྱའི་དཀའ་རྙོག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་སེལ་ཐབས་དང་། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་། ཡང་ན་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་དབུ་ཁྲིད་རྣམས་དང་ལྷན་གྲོས་མོལ་ཡོང་རྒྱུར་རྒྱ་ནག་གཞུང་ལ་སྐུལ་འདེད་བྱ་རྒྱུ། ༣) རྒྱ་གཞུང་གིས་བོད་ནང་གི་རང་བྱུང་ཁོར་ཡུག་གཏོར་བཤིག་དང་། དེས་འཛམ་གླིང་སྤྱིའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་འགྲོ་བཞིན་པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚན་པའི་ངོས་ནས་ཚན་རིག་དང་མཐུན་པའི་ཞིབ་འཇུག་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ། ༤) བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རང་དབང་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཐོག་ནས་ཞིབ་འཇུག་བྱ་རྒྱུར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་རྒྱུ་དང་། བསམ་བློ་དང་། སྨྲ་བརྗོད། ཞི་བདེའི་འདུ་འཛོམས་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞིབ་འཇུག་གནང་མཁན་རྣམས་བོད་ནང་གཟིགས་སྐོར་ཕེབས་རྒྱུར་གདན་ཞུས་གནང་རྒྱུ།

470492253_1049450990559919_8154261932756707942_n.jpg
བོད་མི་མང་སྤྱི་འཐུས་རྣམས་ནས་རྒྱ་གར་གྲོས་འཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་སྐུལ་སྐབས། ༢༠༢༤།༡༢།༡༦ ཉིན།

༥) ཕྱི་ལོ་ ༡༩༩༥ ཟླ་ ༥ པའི་ཚེས་ ༡༧ ནས་ད་བར་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ། ༦) བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་དང་བཅས་པ་རྩ་མེད་བཟོ་རྒྱུའི་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་རྣམས་འཕྲལ་ཏུ་མཚམས་འཇོག་ཡོང་རྒྱུར་རྒྱ་གཞུང་ལ་སྐུལ་མ་བྱ་རྒྱུ། ༧) རྒྱ་ནག་དམར་གཞུང་གཅིག་སྡུད་དབང་བསྒྱུར་དང་། དངོས་ཡོད་གནས་ཚུལ་རྫུན་སྒྲིག་ལོག་འགྲེལ་བྱེད་བཞིན་པར་ཁྲིམས་སྒྲིག་དང་སྲིད་བྱུས་གཏན་འབེབས་ཀྱི་ཐོག་ནས་གདོང་ལེན་བྱ་རྒྱུ། ༨) གྲོས་ཚོགས་འཐུས་མི་རྣམ་པས་སྡིངས་ཆ་ཇི་ཡོད་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གླེང་སློང་ཡོང་བ་བཅས་ཡིན་པ་རེད་འདུག

470581312_1049449183893433_4115790853633979384_n.jpg
བོད་མི་མང་སྤྱི་འཐུས་རྣམས་ནས་རྒྱ་གར་གྲོས་འཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་སྐུལ་སྐབས། ༢༠༢༤།༡༢།༡༦ ཉིན།

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།








བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎