བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༥དང་༢༦ཆེད་ཧིན་སྒོར་ས་ཡ་སུམ་སྟོང་གསུམ་བརྒྱ་ལྷག་གི་སྔོན་རྩིས་བཀའ་ཁྲོལ་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་མཇུག་སྒྲིལ་བ།

2025.03.31
བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༥དང་༢༦ཆེད་ཧིན་སྒོར་ས་ཡ་སུམ་སྟོང་གསུམ་བརྒྱ་ལྷག་གི་སྔོན་རྩིས་བཀའ་ཁྲོལ་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་མཇུག་སྒྲིལ་བ། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚུགས་དུས་དགུ་པའི་ལས་ཉིན་མཐའ་མ། ༢༠༢༥།༠༣།༣༡ ཉིན།
TPiE

བཞུགས་སྒར་དུ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་དེ་བཞིན། ཟླ་ ༣ ཚེས་ ༡༧ ཉིན་ནས་དབུ་འཛུགས་གནང་ཡོད་པ་དེ། ཟླ་ ༣ ཚེས་ ༣༡ ཉིན་མཇུག་སྒྲིལ་གནང་བའི་ལས་རིམ་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་མ་ལག་དང་བཅས་པའི་རྒྱུན་གྲོན་དང་དམིགས་བསལ།ཟུར་བཀོལ་བཅས་ཀྱི་རྩིས་ལོ་༢༠༢༥དང་༢༦ཆེད། ཧིན་སྒོར་ས་ཡ་སུམ་སྟོང་གསུམ་བརྒྱ་ལྷག་གཏན་འབེབས་བཀའ་ཁྲོལ་དང་འབྲེལ་གྲོས་ཚོགས་མཇུག་བསྡོམས་གནང་ཡོད་ཅིང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་གྲོས་ཚོགས་མཇུག་སྡོམ་གྱི་གསུང་བཤད་ནང་། བོད་མི་རྣམས་ནི་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཆགས་ཡོད་པས་གཙོ་བོ་ང་ཚོས་ཆབ་སྲིད་འཐབ་རྩོད་ཀྱི་ཐོག་བོད་མི་ཡོངས་ཀྱིས་འགན་ཁུར་ཆེ་ཙམ་བཞེས་ཐུབ་དགོས་པ་དང་། བོད་ནང་གི་བོད་མི་ཚོའི་ཉིན་འཁྱོལ་ཀྱང་མཚན་མི་འཁྱོལ་བའི་གནས་སྟངས་ལ་དགོངས་པ་ཆེ་བཞེས་གནང་དགོས་པའི་ལམ་སྟོན་གནང་སོང་།

སྔོན་རྩིས་གཏན་འབེབས་ཀྱི་གྲོས་ཚོགས་ལས་རིམ་འདིར་དེ་སྔ་དང་མི་འདྲ་བར། ད་རེས་ཨ་མི་རི་ཀས་རོགས་དངུལ་བཀག་སྐྱིལ་གྱི་རྒྱུ་མཚན་ལ་བརྟེན་ནས།ཐོག་མའི་འཆར་འབུལ་དང་བར་དུ་གཅོག་ཆ་གྲོས་འཆར་མང་པོ་ཞིག་བཏང་དགོས་ཐུག་པའི་རིགས་ལ་སྤྱི་འཐུས་རྣམ་པས་བཀའ་མོལ་མང་པོ་བྱུང་སོང་སྟེ། མཐའ་མར་བཀའ་འཁྲོལ་ཆ་ཚང་གནང་ནས་བཀའ་ཤག་གིས་འཆར་འབུལ་གཞིར་བཟུང་ལས་རིམ་ཆ་ཚང་ཡག་ཐག་ཆོད་འགྲོ་ཡོད་སྐོར། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འདི་ག་ཨེ་ཤེ་ཡང་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་བོད་མི་མང་མདོ་སྟོད་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས། ད་ལོ་དམིགས་བསལ་ཨ་རིའི་རོགས་དངུལ་ཆད་པར་བརྟེན་ནས། སྔོན་རྩིས་ཐོག་སེམས་འཚབ་ཆེན་པོ་ཡོད་ནའང་ད་ལྟའི་ཆར་གནས་སྟངས་ཧ་ཅང་ཛ་དྲག་པོ་ཞིག་མ་རེད་སྙམ་པའི་ཅུང་ཟད་ལྷོད་ལྷོད་བྱུང་བ་དང་། ད་དུང་ཡང་ཨ་རིའི་རོགས་དངུལ་རག་རྒྱུ་སླར་གསོ་ཡོང་བར་འབད་བརྩོན་གནང་དགོས་ཤིང་། ང་ཚོས་རང་ཁ་རང་གསོའི་སྟེང་ཚང་མས་མཉམ་རུབ་ཀྱིས་གོམ་པ་སྤོ་དགོས་པ་ཧ་ཅང་གནད་འགག་རེད་ཅེས་དང་། ཨའོསི་ཊརེ་ལི་ཡའི་མངའ་ཁུལ་གྱི་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། སྤྱིར་གཙོ་བོ་ད་རེས་སྔོན་རྩིས་གཏན་འབེབས་དང་ཞོར་དུ་ཁྲིམས་སྒྲིག་བསྐྱར་བཅོས། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་བསྐོ་བཞག་སོགས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་བྱུང་སོང་ཞེས་འགྲེལ་བརྗོད་གནང་བྱུང་།

ས་སྐྱའི་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས། གྲོས་ཚོགས་ལས་རིམ་འདིར་གཙོ་ཆེ་ཤོས་སྔོན་རྩིས་གཏན་འབེབས་མ་ཐུབ་ན་ལོ་གཅིག་གི་ལས་དོན་ཡོངས་རྫོགས་འགག་འགྲོ་ཡི་ཡོད་པར་བརྟེན། སྔོན་རྩིས་གཏན་འབེབས་གྲ་འགྲིག་པོ་དང་ཞིབ་ཚགས་པོས་གཏན་འབེབས་ཀྱིས་མཚོན་ཁྲིམས་ཞིབ་པ་དང་སྤྱི་ཁྱབ་རྩིས་ཞིབ་པ་བསྐོ་བཞག་སོགས་གནང་ཐུབ་པ་ཧ་ཅང་ཡག་པོ་བྱུང་སོང་ཞེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་མ་ལག་དང་བཅས་པའི་སྔོན་རྩིས་གཏན་འབེབས་དང་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གིས་གྲོས་ཆོད་བཞག་པ་དང་། ཁྲིམས་བཟོའི་ལས་དོན་དང་སྒྲིག་གཞི་བསྐྱར་བཅོས།ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་ཁྲིམས་ཞིབ་པ་ཆེ་བར་བསྐོས་པ་དང་། ཁྲིམས་ཞིབ་པ་གཞན་གཉིས་དང་སྤྱི་ཁྱབ་རྩིས་ཞིབ་པའང་བསྐོས་བཞག་གནང་ཐུབ་པ་དང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་སྒྲོག་སྦྱང་སོགས་གནང་གྲུབ་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎