རྒྱ་གར་གནས་སྡོད་བོད་མི་རྣམས་ཀྱི་ཕྱིར་སྐྱོད་ལག་དེབ་ཀྱི་དཀའ་ངལ་གཙོས་པའི་གནད་དོན་གཞན་ཁག་གཅིག་གི་སྐོར་གྲོས་ཚོགས་སུ་བགྲོ་གླེང་ལྷུག་པོ་གནང་སོང་།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་ལྔ་པ་སྟེ། ཟླ་ ༣ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་གྱི་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་གནང་བཞིན་པའི་སྐབས་དེར། ལྡི་ལི་དོན་གཅོད་ཁང་གི་རྒྱུན་གྲོན་གྱི་ཐོག་སྤྱི་འཐུས་རྣམ་པས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་སུ་དོགས་འདྲིའི་གྲོས་ཚོགས་ལས་རིམ་དུ། སྤྱི་འཐུས་ར་ཙ་བསོད་ནམས་ནོར་བུ་ལགས་ཀྱིས། རྒྱ་གར་གནས་སྡོད་བོད་མི་ལས་བྱེད་དང་མི་མང་ཚོར་ཕྱི་རྒྱལ་དུ་བསྐྱོད་སྐབས་ཕྱིར་ཐོན་ཆོག་མཆན་དང་། དེབ་སེར་པོ་བརྒྱུད་ཕྱི་རྒྱལ་དུ་འགྲོ་སྐབས་རྒྱ་གར་གནམ་ཐང་དུ་དཀའ་ངལ་འཕྲད་བཞིན་པ་སོགས་ཀྱི་དཀའ་ངལ་གསལ་སྟོན་གྱིས། འགན་བཞེས་མཁན་རྣམས་ནས་གནད་དོན་དེའི་ཐད་འགན་ཆེ་བཞེས་དགོས་གལ་ཆེ་བའི་འབོད་སྐུལ་ཞུས་པར། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས། ཕྱིར་ཐོན་ཆོག་མཆན་རག་རྒྱུའི་དཀའ་ངལ་སེལ་ཐབས་སུ་བཀའ་ཤག་ངོས་ནས་ཕུགས་རྒྱང་རིང་ཐུང་ཇི་ལྟར་ཡང་འབད་བརྩོན་ཞུ་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་བ་དང་སྦྲགས། དེ་ཡང་རྒྱ་གར་ནང་གི་གནམ་ཐང་ཁག་གི་ཕྱི་མི་ཞིབ་བཤེར་གྱི་ལས་བྱེད་པ་ཚོར་དེ་འབྲེལ་ཟབ་སྦྱོང་ཕུལ་རྒྱུ་དང་། ཡང་ན་གནད་དོན་ཡོད་པའི་ལག་ཁྱེར་རིགས་ཞིབ་བཤེར་གནང་ས་ཟུར་དུ་བྱུང་ན་སྟབས་བདེ་ཡོང་རྒྱུ་སོགས་ཀྱི་ཐད་སྙན་གསེང་ཞུ་བཞིན་ཡོད་སྐོར་ལན་འདེབས་གསལ་བཤད་གནང་སོང་།
གནད་དོན་དེ་དང་འབྲེལ་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་ཀྱིས་ཀྱང་། ལག་ཁྱེར་སེར་པོའི་དཀའ་ངལ་སེལ་རྒྱུ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཐོག་ནས་གནད་འགག་ཅན་ཞིག་ཆགས་ཀྱི་ཡོད་པ་གསལ་སྟོན་གནང་སོང་།
རྩ་བའི་རྒྱ་གར་ནང་གནས་སྡོད་བོད་མི་བཙན་བྱོལ་བ་རྣམས་ལ་གནས་ཡུལ་གཞུང་གི་ཁྲིམས་ཀྱི་གནས་སྟངས་གཞིར་བཟུང་། ཁྲིམས་ཐོག་ནས་རྒྱ་གར་མི་སེར་དང་ཡོངས་གྲགས་ཁྲིམས་ཀྱིས་ངོས་འཛིན་ཡོད་པའི་སྐྱབས་བཅོལ་བ་བཅས་གང་ཡང་མིན་པར། རྒྱ་གར་ནང་གནས་སྡོད་ཕྱི་རྒྱལ་མི་རིགས་ཀྱི་ངོ་བོར་གནས་ཡོད་པར་བརྟེན། བོད་མི་རྣམས་ཕྱི་རྒྱལ་དུ་འགྲུལ་བསྐྱོད་གནང་བར་རྒྱ་གར་གཞུང་གིས་ (Identity Certificate) ཞེས་པའི་ངོ་སྤྲོད་ལག་ཁྱེར་ཞིག་ཕུལ་བཞིན་ཡོད་པར། འཆར་ཅན་ཕྱི་རྒྱལ་མི་རིགས་རྣམས་རྒྱ་གར་ནས་ཁྲིམས་མཐུན་གྱིས་ཕྱིར་ཐོན་པ་དང་། ལྷག་པར་མཐོང་མཆན་གྱི་དུས་ཚོད་རྫོགས་ཏེ་རྒྱ་གར་དུ་བསྡད་པ་ཚོས། རྒྱ་གར་ནས་ཕྱིར་ཐོན་གྱི་ (Exit permit) ཆོག་མཆན་ཞིག་ཕྱི་མི་ཐོ་འགོད་ལས་ཁུངས་(Foreigners Registration Office) ནས་ལེན་དགོས་པ་དེ་བོད་མི་ཚོས་ཀྱང་ངེས་པར་ལེན་དགོས་ཀྱི་ཡོད་པ་རེད།
གཞན་ཡང་ཐེངས་འདིའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་ལྔ་པའི་ཐོག རུ་སོག་སྐུ་ཚབ་དོན་གཅོད་གཙོས་པའི་སྐུ་ཚབ་དོན་གཅོད་གཞན་ཁག་གི་ཕྱག་ལས་གནང་ཕྱོགས་དང་། བལ་ཡུལ་གནས་སྡོད་བོད་མི་རྣམས་ཀྱི་གནས་སྟངས། གཞན་ཡང་རྒྱ་ནག་གཞུང་གིས་བོད་མིང་ལ་ཤི་ཙང་ཞེས་པའི་ཐ་སྙད་ཁྱབ་སྤེལ་གྱི་སྲིད་བྱུས་ལ་དོགས་གཟོན་དགོས་པ་སོགས་གནད་དོན་གཞན་ཁག་གཅིག་གི་སྐོར་བགྲོ་གླེང་ལྷུག་པོ་གནང་སོང་།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།