བོད་མི་ཚོའི་ལུས་སེམས་གཉིས་ལ་མནར་གཅོད་གཏོང་བཞིན་པ་མཚམས་འཇོག་དགོས་བའི་འབོད་སྐུལ།

2022.06.27
བོད་མི་ཚོའི་ལུས་སེམས་གཉིས་ལ་མནར་གཅོད་གཏོང་བཞིན་པ་མཚམས་འཇོག་དགོས་བའི་འབོད་སྐུལ། བོད་ཀྱི་ཆབ་སྲིད་བཙོན་པ་ཁག་ཅིག་གི་པར།
སྒྲིག་བཟོ།/tibet.net

སྤྱི་ཟླ་༦པའི་ཚེས་༢༦ཉིན་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་(International Day in support of Victims of Torture)་འམ་རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོ་ཡིན་པ་དང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་ཁྲི་རལ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་ནས་མི་ལོ་༦༠ལྷག་རིང་བོད་མི་ས་ཡ་གཅིག་ལྷག་མི་སྤྱོད་ལས་འདས་པའི་མནར་གཅོད་འོག་རྐྱེན་འདས་སུ་གྱུར་ཡོད་ཅིང་། རྒྱ་ནག་གཞུང་གིས་མནར་གཅོད་གཏོང་སྟངས་ནི་ཡ་ང་བའི་ཀླ་ཀློའི་བྱ་སྤྱོད་ཤ་སྟག་ཡིན་པ་མ་ཟད། དམར་གསོད་དང་རྡུང་རྡེག གསོན་བསྲེགས་བྱས་པ། སྐེ་བཙིར་པ། གནམ་བཏགས་རྒྱབ་པ། གསོན་སྦས་བྱས་པ། ནང་འཁྲོལ་འདོན་པ། ཆུ་འཁོལ་བཤོ་བ། སྐེ་གཅོད་པ་སོགས་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནང་མཐོང་ཐོས་དཀའ་བའི་མནར་གཅོད་དེ་རིགས་ནི་བོད་མིའི་སེམས་ཁུངས་ནས་ནམ་ཡང་བརྗེད་ཐབས་མེད་པ་འགྱུར་ཡོད་པས། རྒྱ་ནག་གཞུང་གིས་དེང་སྐབས་བོད་མི་ཚོའི་ལུས་སེམས་གཉིས་ལ་མནར་གཅོད་བསུན་གཙེར་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པ་འབོད་སྐུལ་གནང་གི་འདུག
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དམིགས་ཡུལ་གཙོ་བོ་ཞིག་ནི། བོད་ནང་གི་བཙན་གནོན་གདུག་རྩུབ་དང་ཡ་ང་བའི་གནས་སྟངས། དེ་བཞིན་བདེ་སྡུག་རྣམས་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་བྱས་ནས་བོད་དོན་ཐོག་སྔར་ལས་ལྷག་པའི་རྒྱབ་སྐྱོར་ཡོང་ཐབས་བྱ་རྒྱུ་དེ་ཡིན་འདུག
ཡང་བཞུགས་སྒར་དུ་ཆགས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས། འདི་གའི་ལྟེ་གནས་ཁང་ནས་ད་ལྟའི་ཆར་ཤེས་གཏོགས་བྱུང་བའི་བོད་ཀྱི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་༥༥༥༣ཡོད་པ་དང་། ད་དུང་དེ་ལས་ཤེས་གཏོགས་མེད་པའི་ཆབ་སྲིད་བཙོན་པ་བརྒྱ་ཕྲག་མང་པོ་ཡོད་པ་གསུངས་ཤིང་། བོད་མིའི་ཆབ་སྲིད་བཙོན་པ་ཕལ་ཆེ་བ་བཙོན་ཁང་ནང་ཉེས་རྡུང་ཚབས་ཆེན་བཏང་ནས་གློད་གྲོལ་ཟིན་པའི་རྗེས། འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་མང་དག་ཅིག་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་ཁྲི་རལ་ལགས་ཀྱིས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐྱོབ་ཆེད། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་སྡེ་ཚན་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། དེ་མིན་འགྲོ་བ་མིའི་ཐོབ་ལ་འགན་ཁུར་ལྡན་པའི་རྒྱལ་ཁབ་དང་མི་སྒེར་ཚང་མར་འབོད་སྐུལ་ཞུ་ཡི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས། རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་དུ་མང་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་པ་དང་རྒྱ་ནག་ནང་དུ་ཁྲིམས་ཀྱི་དབང་སྒྱུར་ཡོད་པ་སོགས་འཁོད་ཡོད་ནའང་། རྒྱ་གཞུང་གིས་བོད་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་དང་ཡོངས་སུ་འགལ་བའི་བྱ་སྤྱོད་སྣ་ཚོགས་སྤེལ་དང་སྤེལ་མུས་ཡིན་པ་འགྲེལ་བརྗོད་གནང་བྱུང་།
རྒྱལ་སྤྱིའི་མནར་གཅོད་ཀྱི་ཉིན་མོ་ནི། སྤྱི་ལོ་༡༩༨༧ལོར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་གཏན་ལ་ཕབ་པའི་མནར་གཅོད་མྱོང་མཁན་གྱི་མི་མང་ལ་རྒྱབ་སྐྱོར་དགོས་པའི་ཉིན་མོ་ཞིག་ཡིན་ཞིང་། ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་༡༦༢ནང་ཉིན་མོ་དེ་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎