དཔལ་འབར་ཤར་ཏུར་ཀིས྄་ཐན་ལ་འཁྱེར་རྒྱུའི་ལས་འཆར་ཡོད་པ།
2008.05.05
༄༅༎རྒྱ་ནག་གཞུང་གི་ཨོ་ལིམ་པིཀ་ཡི་དཔལ་འབར་ ཤར་ཏུར་ཀིས྄་ཐན་འམ་ཤིང་ཅང་གི་མངའ་ཁུལ་ནང་འཁྱེར་རྒྱུའི་ལས་འཆར་ལ། ཡུལ་འཁོར་མི་མང་གིས་ངོ་རྒོལ་མི་ཡོང་བའི་ཆེད། ཤིང་ཅང་ནང་མི་མང་ཆེས་མང་པོ་ཞིག་སྔ་ས་ནས་དོ་དམ་འཛིན་བཟུང་ཤུགས་ཆེ་བྱེད་བཞིན་ཡོད་སྐོར། ཨ་རིའི་ནང་རྟེན་གཞི་བྱས་པའི་ཡུལ་འཁོར་མཐུན་ཚོགས་ཀྱི་དབུ་ཁྲིད་ལྕམ་ རི་བྷིཡ ཀ་ཌར་ གྱིས་་སྐྱོན་བརྗོད་གནང་ཡོད་པ་རེད། དེ་ཡང་ལྕམ་ རི་བྷིཡ ཀ་ཌར གྱིས་ཨོ་ལིམ་པིཀ་ཡི་དཔལ་འབར་དང་འབྲེལ་ཡུལ་འཁོར་མི་མང་ལ་དྲག་གནོན་ཤུགས་ཆེ་ཕོག་བཞིན་པར་ ཨོ་ལིམ་པིཀ་ཡི་དཔལ་འབར་དེ་ཤིང་ཅང་ནང་འཁྱེར་རྒྱུའི་ལས་འཆར་དེ། ཕྱི་བཤོལ་གནང་དགོས་ཞེས་གསུངས་ཡོད་པ་དང༌། རྒྱ་ནག་གཞུང་གིས་ཨོ་ལིམ་པིཀ་ཡི་རྩེད་འགྲན་གོ་སྒྲིག་ལ་ཁ་གཡོགས་ཏེ། ཡུལ་འཁོར་མི་མང་གི་བདེན་པའི་འཐབ་རྩོད་ལ་དྲག་གནོན་གཏང་རྒྱུའི་གོ་སྐབས་བཟུང་གི་ཡོད་པའི་སྐོར་སྐྱོན་བརྗོད་གནང་ཡོད་པ་རེད། དེ་མཚུངས་ ཇར་མ་ནི ནང་རྟེན་གཞི་བྱས་པའི་འཛམ་གླིང་ཡུལ་འཁོར་མཐུན་ཚོགས་ཀྱི་ཚོགས་གཙོ་ ཌོལ་ཀུན་ ཨིསཱ ཞུ་བས་རྒྱ་ནག་གཞུང་གིས་ཡུལ་འཁོར་ས་ཁུལ་དུ་ནང་ཁྱིམ་དང་མགྲོན་ཁང་སོགས་གང་ཡོད་བསྔོགས་བཤེར་བྱས་ནས། མི་མང་འཛིན་བཟུང་བྱེད་བཞིན་ཡོད་པ་དང༌དེའི་ནང་དེ་སྔ་ནག་ཉེས་གང་ཡང་མེད་པའི་མི་མང་ཡང་དོགས་པའི་རང་བཞིན་གྱིས་འཛིན་བཟུང་བྱས་ཀྱི་ཡོད་པའི་སྐོར་སྐྱོན་བརྗོད་གནང་ཡོད་པ་རེད།་ གནས་ཚུལ་ཐོན་ཁུངས་ལ་གཞིགས་ན་ ཨོ་ལིམ་པིཀ ཡི་དཔལ་བར་དེ་ཡུལ་འཁོར་གྱི་ས་ཁུལ་ནང་ཟླ་བ་རྗེས་མའི་ནང་བསྐོར་བསྐྱོད་བྱ་རྒྱུ་ཡིན་འདུག།