ཡང་སྲིད་ངོས་འཛིན་ཐོག་ཐེ་ཇུས་བྱེད་མི་ཆོག་པའི་གཏམ་བཤད།
2011.11.13
༄༅༎ཟླ་བ་འདིའི་ཕྱི་ཚེས་༡༢ རེས་གཟའ་སྤེན་པའི་ཉིན་ལྷ་ས་ནས་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང༌། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་ཡིས། བཙན་བྱོལ་དུ་ཡོད་པའི་བོད་མིས་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་ཆོས་ཕྱོགས་ཀྱི་ལས་དོན་ལ་ཐེ་ཇུས་བྱེད་མི་ཆོག་པའི་གཏམ་བཤད་བྱས་ཡོད་པའི་སྐོར་བཀོད་ཡོད་པ་རེད།
དེ་ཡང་རྒྱ་ནག་གཞུང་གིས་༢༠༠༧ ལོར་བོད་ཀྱི་བླ་སྤྲུན་ངོས་འཛིན་བྱ་ཕྱོགས་ཀྱི་ཁྲིམས་ལུགས་ཤིག་གཏན་འབེབས་གསལ་བསྒྲགས་བྱས་པ་དང། བླ་སྤྲུལ་ངོས་འཛིན་ཁྲིམས་ལུགས་དེ་ཡིས། རྒྱ་ནག་རྒྱལ་ཁབ་ཅིག་སྒྲིལ་དང་གྲངས་ཉུང་མི་རིགས་ཡོངས་རྫོགས་འགྱུར་བ་མེད་པར་གོང་བུ་གཅིག་སྒྲིལ་དུ་གནས་ཐབས་ཡིན་ཞིང༌། བླ་སྤྲུལ་ངོས་འཛིན་གྱི་ལས་དོན་དེ་ཡིས་ཕྱིའི་རྒྱལ་ཁབ་ནང་དུ་ཡོད་པའི་ཚོགས་པ་གང་རུང་དང་མི་སྒེར་གང་རུང་ལ་ཤུགས་རྐྱེན་དང་ཐེ་ཇུས་བྱེད་པའི་འགན་ཁྲི་གང་ཡང་མེད་པའི་སྐོར་རྒྱ་ནག་གཞུང་ཕྱོགས་ནས་ཤོད་བཞིན་ཡོད་པ་རེད། ཁྲེན་ཆོན་ཀུའོ་ནི། ཉེ་ཆར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེར་ཀྲང་ཆི་ལི་ཡི་ཚབ་ཏུ་བསྐོ་བཞག་བྱས་པ་ཞིག་ཡིན་པ་དང༌། རེས་གཟའ་སྤེན་པའི་ཉིན་ལྷ་སར་ཚོགས་པའི་རང་སྐྱོང་ལྗོངས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་ཟེར་བའི་ཐོག་ཁྲེན་ཆོན་ཀུའོ་ཡིས། བོད་ནང་དུ་ཡོད་པའི་དཔོན་རིགས་ཚོས་བོད་ཀྱི་བླ་སྤྲུལ་ངོས་འཛིན་བྱེད་རྒྱུ་སོགས་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་ལུགས་ལས་དོན་མཐའ་དག་སྲུང་སྐྱོབ་དང་འགན་སྲུང་མུ་མཐུད་བྱ་རྒྱུ་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་ལག་བསྟར་བྱེད་ཕྱོགས་ཀྱི་ཁྲིམས་ལུགས་གཞིར་ཟུང་ལག་བསྟར་བྱ་རྒྱུ་ཡིན་ཟེར་བཤད་ཡོད་པ་རེད།།