ཨོ་ལིམ་པིག་གི་གནས་ཚུལ་རྒྱང་སྲིད་ཐད་དཀའ་ངལ་འཕྲད་སྲིད།
2008.06.21
༄༅༎ཡོ་རོབ་ཀྱི་ཟུང་འབྲེལ་བརྙན་འཕྲིན་ལས་ཁང་གི་དཔོན་རིགས་མཐོ་གྲས་ཤིག་གིས་ པེ་ཅིང་དུ་ཨོ་ལིམ་པིག་མ་ཚུགས་སྔོན་གནས་ཚུལ་རྒྱང་སྲིད་བྱེད་ཕྱོགས་ཐད་འགོག་རྐྱེན་སྣ་ཚོགས་ཤིག་འཕྲད་བཞིན་པ་ལྟར་ དངོས་སུ་རྩེད་འགྲན་ཚུགས་པའི་སྐབས་སུ་ཡང་རང་དབང་གི་ཐོག་ནས་གནས་ཚུལ་རྒྱང་སྲིང་བྱ་རྒྱུར་དཀའ་ངལ་དེ་རིགས་འབྱུང་སྲིད་རྒྱུར་ཐུགས་འཚབ་ཆེན་པོ་ཡོད་པ་གསུངས་ཡོད་པ་རེད་
པེ་ཅིང་དུ་ཨོ་ལིམ་པིག་ཚུགས་རྒྱུར་གཟའ་འཁོར་བདུན་ཙམ་ལས་མེད་ཅིང་ ནུབ་ཕྱོགས་པའི་བརྙན་འཕྲིན་ལས་ཁང་དང་ པེ་ཅིང་ཨོ་ལིམ་པིག་གྲ་བསྒྲིགས་ལྷན་ཁང་དབར་རྩེད་ཐང་གི་ཕྱི་ཕྱོགས་ཀྱི་གནས་ཚུལ་འགོད་ཕྱོགས་སླད་ད་དུང་ཡང་མི་མཐུན་པ་ཆེན་པོ་ཡོད་ཅིང་ ལྷག་པར་དུ་མི་བཟོས་སྲུང་སྐར་ལྡན་པའི་མོ་ཊ་གྲོང་ཁྱེར་གྱི་ནང་འགྲོ་ཕྱོགས་དང་ བཅའ་དངོས་འོར་འདྲེན་བྱ་ཕྱོགས་ ས་གནས་གང་ཞིག་ཏུ་བརྙན་འཕྲིན་བརྒྱབ་ཆོག་པ་དང་མི་ཆོག་པའི་ཁྲིམས་གཞི་ཁག་གི་ཐོག་ལབ་གླེང་ཆེན་པོ་བྱུང་བཞིན་ཡོད་པ་རེད་
རྒྱ་ནག་གཞུང་གིས་བརྙན་འཕྲིན་གྱི་དཔར་ཆས་དང་ གསར་འགོད་པ་སྟོང་ཕྲག་གསུམ་བཅུ་ཙམ་པེ་ཅིང་དུ་འབྱོར་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་དེ་དག་ གྲོང་ཁྱེར་གྱི་ས་གནས་གང་སའི་ནང་འགྲོ་འོང་བྱེད་འཇུག་ཚེ་ བོད་དང་ཌར་ཕཱུར་སོགས་ཀྱི་གནད་དོན་ཐད་སྲིད་དོན་ཚོགས་པ་དང་ གྲངས་ཉུང་མི་རིགས་ ཆོས་ལུགས་ཚོགས་པ་དང་ དེ་བཞིན་རྩེ་མོ་བ་ཚོས་ངོ་རྒོལ་བྱེད་སྲིད་པ་དེ་དག་བརྙན་འཕྲིན་དང་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་སྲིད་པའི་འཇིགས་སྣང་བྱེད་བཞིན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད་
ཡོ་རོབ་ཟུང་འབྲེལ་བརྙན་འཕྲིན་ལས་ཁང་གི་རྩེད་མོའི་གནས་ཚུལ་སྡེ་ཚན་གྱི་འགོ་འཁྲིད་སྐུ་ཞབས་ ཕཱར་ནེན་ཌོ་པར་ཌོས་ རེས་གཟའ་པ་སངས་ཉིན་ཞལ་པར་ཐོག་ཨེ་པི་གསར་འགྱུར་ལས་ཁང་ལ་ ད་ལྟ་འཕྲད་བཞིན་པའི་དཀའ་རྙོག་དེ་དག རྩེད་འགྲན་དངོས་གཞིའི་སྐབས་འབྱུང་རྒྱུའི་མཚོན་རྟགས་ཤིག་ཡིན་སྲིད་པ་དང་ གལ་ཏེ་རྩེད་འགྲན་དངོས་གཞིའི་སྐབས་གནས་ཚུལ་འདི་ལྟར་འབྱུང་ཚེ་ གསར་འགོད་པ་ཚོས་ལན་འདེབས་ཇི་ལྟར་བྱེད་མིན་བརྗོད་རྒྱུ་ཚོད་མ་ཐིག་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད་
རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་ ཇའག་རོག་ ཡིས་ དཀའ་རྙོག་འདི་དག་ཉིན་ཁ་ཤས་ཀྱི་ནང་སེལ་ཐུབ་རྒྱུ་ཡིན་པ་གསུངས་ཡོད་ན་ཡང་ ཕྱི་ལོ་ ༡༩༧༦ ལོའི་ཨོ་ལིམ་པིག་རྩེད་འགྲན་ནས་བཟུང་ འཛམ་གླིང་གི་རྩེད་འགྲན་གྱི་གནས་ཚུལ་བཀོད་གནང་མྱོང་མཁན་ སྐུ་ཞབས་ པར་ཌོས་ ཁོང་ཕྱི་ལོ་ ༡༩༨༠ཐམ་པ་ལོའི་ མོ་སོ་ཀོའི་རྩེད་འགྲན་སྐབས་ཀྱང་ཡོད་པ་དང་ སྲུང་སྐྱོབ་དང་འབྲེལ་བའི་འགོག་རྐྱེན་གྱི་གནས་ཚུལ་མང་པོ་ཞིག་ལ་གདོང་ལེན་གནང་དགོས་བྱུང་ཡང་ ད་ལྟའི་རྒྱ་ནག་དང་འབྲེལ་བ་བྱ་རྒྱུའི་དཀའ་ངལ་འདི་ མོ་སོ་ཀོའི་དཀའ་ངལ་ལས་ཆེ་བ་ཡིན་པ་གསལ་བཤད་གནང་ཡོད་པ་རེད།།