རྒྱལ་ཡོངས་བདེ་འཇགས་ཁྲིམས་གཞི་ཟེར་བ་དང་འགལ་བའི་ནག་ཉེས་འོག་ལོ་དགུའི་ཁྲིམས་བཅད།
ཧོང་ཀོང་གི་ཟ་ཁང་ཞབས་ཞུ་བ་རང་ལོ་༢༤ཡིན་པའི་Tong Ying–kit ཡིས་སྔ་ལོའི་ཕྱི་ཟླ་༧ཚེས༡ཉིན་ཉེན་རྟོག་པ་གསུམ་གྱི་བར་ལ་སྦག་སྦག་བཏང་བ་དང་ཡང་སྔ་ལོའི་ཕྱི་ཟླ་༧ཚེས་༡ཉིན་ངོ་རྒོལ་རྔམ་སྟོན་ཞིག་གི་སྐབས་སུ་ཁ་བྲལ་གྱི་དར་ཆ་འཕྱར་བ་ནི་དྲག་པོའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཡིན་པའི་ནག་ཉེས་བཙུགས་ནས་ལོ་དགུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག སྔ་ལོའི་ཕྱི་ཟླ་༧ཚེས་༡ཉིན་དེ་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཞི་ཟེར་བ་བཙན་བཀེལ་བྱེད་འགོ་བཙུགས་པའི་ཉིན་མོ་ཡང་ཡིན་པ་རེད། ཧོང་ཀོང་གི་གཞོ་སྐྱེས་Tong Yingལ་ཁྲིམས་གཏུགས་བྱས་པ་དེ་ནི་ཧོང་ཀོང་ནང་ཁྲིམས་ཀྱི་ལས་དོན་ལ་འགྱུར་བ་ཤུགས་ཆེ་ཕྱིན་པའི་མཚོན་རྟགས་ཤིག་ཡིན་པ་དང་། ཆབ་སྲིད་དང་ཁྲིམས་འགལ་དུ་རྩིས་པའི་འབོད་ཚིག་ངེས་ཅན་ཁག་གཅིག་སྒྲོག་པ་ཡིན་ན། བཙོན་འཇུག་དུས་ཡུན་རིང་པོ་འཇུག་རྒྱུ་ཡིན་པ་ཡང་ཕྱིར་གསལ་བཏོན་བྱས་འདུག Tong ཡིས་སྔ་ལོ་ཕྲེད་དར་འཕྱར་བའི་ཐོག་ཧོང་ཀོང་བཅིངས་བཀྲོལ་གཏོང་དགོས་པ་དང་ང་ཚོའི་དུས་ཀྱི་གསར་བརྗེ་འམ་Liberate Hong Kong, revolution of our times ཞེས་པའི་འབོད་ཚིག་འཁོད་ཡོད་ཅིང་། འབོད་ཚིག་དེ་ནི་ཧོང་ཀོང་ནང་གཞི་རྒྱ་ཆེ་བའི་མང་གཙོའི་ལས་འགུལ་སྤེལ་སྐབས་སྒྲོག་པའི་འབོད་ཚིག་ཡིན་པ་རེད། Tong ལ་ཁྲིམས་གཏུགས་བྱེད་སྐབས་བཤེར་སྤང་མེད་པར་ཧོང་ཀོང་ས་གནས་ཀྱི་འགོ་ཁྲིད་ཀྱིས་བདམས་པའི་ཁྲིམས་དཔོན་གསུམ་གྱིས་ཐག་གཅོད་བྱས་འདུག ཡང་ཁྲིམས་དཔོན་གསུམ་པ་དེ་ཚོས་Tong ཡིས་ཉེན་རྟོག་པའི་ཁྲོད་ལ་སྦག་སྦག་བཏང་བ་དེ་ནི་དྲག་སྤྱོད་པའི་བྱེད་སྒོ་ཡིན་ལུགས་དང་ཡང་ཕྲེད་དར་འཕྱར་བ་དེ་ནི་ཁ་བྲལ་བརྒྱུད་བྱས་པ་ཡིན་ལུགས་ནག་ཉེས་བཙུགས་ནས་ལོ་༩་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་འདུག ད་བར་ཁྲིམས་གཞི་གསར་པ་དེའི་འོག་ཧོང་ཀོང་གི་Apple Daily ཞེས་པའི་གསར་ལས་ཁང་གི་སྦྱིན་བདག་Jimmy Lai གཙོས་པའི་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་མི་གྲངས་༦༠ལྷག་ལ་ཉེས་ཆད་བཏང་ཟིན་པའི་གནས་ཚུལ་འདུག།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།