ཏྲེ་ཀི་ཊོག (Tik Tok) ནང་བོད་སྐད་འབྲི་ཀློག་བྱ་རྒྱུར་དམ་དྲག

2020.11.29
ཏྲེ་ཀི་ཊོག (Tik Tok) ནང་བོད་སྐད་འབྲི་ཀློག་བྱ་རྒྱུར་དམ་དྲག རྒྱ་ནག་གི་འཕྲུལ་རིག་མཉེན་ཆས་ཊིཀ་ཊོཀ་Tiktok
རོཡ་ཊརས།

དེ་ཡང་རྒྱ་ནག་ནང་བཟོ་བཀོད་བྱེད་པའི་དར་ཁྱབ་ཆེ་བའི་མཉེན་ཆས་ཏྲེ་ཀི་ཏྲོག་ཞེས་པ་དེ་བརྒྱུད་ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་གཞས་ཞབས་བྲོ། གཏམ་གླེང་བྱ་རྒྱུ་སོགས་བརྒྱུད་བསྒྲགས་བྱེད་སྲོལ་ཡོད་པ་དེའི་ནང་། བོད་སྐད་བརྒྱབ་པ་དང་ཡང་ན་བོད་ཡིག་བྲིས་བཀོད་བྱེད་པ་ཡིན་ན་དེ་དག་ལམ་སེང་བཀག་གི་ཡོད་པའི་གནས་ཚུལ་ཡོད་ལུགས་བོད་ནས་རྒྱ་སྐད་ནང་ཏྲེ་ཀི་ཏྲོག་ཚོང་དོན་ཚན་པར་འབོད་སྐུལ་བྱས་འདུག དཔེར་ན། འདི་ག་རླུང་འཕྲིན་ཁང་ལ་ཏྲེ་ཀི་ཏྲོག་བརྒྱུད་བསམ་ཚུལ་བཤད་པའི་བརྙན་ཐུང་ཁག་གཉིས་ཕྱི་རྒྱལ་ནང་གནས་སྡོད་བྱེད་མཁན་ཞིག་གིས་མཁོ་སྤྲོད་བྱུང་བའི་ནང་། ཊིག་ཊོག་ཚོང་དོན་ཚན་པར་སྐད་ཆ་ཞིག་འདྲི་ཡག་ཡོད། ང་ཚོས་ཏྲེ་ཀི་ཏྲོག་ནང་བོད་སྐད་བརྒྱབ་པ་དང་བོད་ཡིག་བྲིས་པ་ཡིན་ནའང་དེ་དག་མེད་པ་བཟོ་གི་འདུག ང་ཚོ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་གུས་ཞབས་དགོས་ཡོད། གང་ཡིན་ཟེར་ན་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གི་ནང་ང་ཚོ་གྲངས་ཉུང་མི་རིགས་མང་ཆེ་བ་སློབ་གྲྭར་འགྲོ་མྱོང་ཡོད་མ་རེད། ཁོང་ཚོས་རྒྱ་སྐད་མེན་དྲ་རིན་འམ་སྤྱི་སྐད་གོ་གི་མ་རེད་ལ་སྐད་ཆ་བཤད་ཤེས་ཀྱི་མ་རེད། བྱས་ཙང་སོ་སོའི་མི་རིགས་ཀྱི་སྐད་བེད་སྤྱོད་བྱས་ནས་ཕན་ཚུན་བསམ་ཚུལ་བརྗེ་ལེན་གྱིས་དེའི་ཐོག་ནས་གོ་བརྡ་སྤྲོད་ཀྱི་ཡོད་རེད། ཁྱེད་རང་ཚོ་ཏྲེ་ཀི་ཏྲོག་ཚོང་འདི་ང་ཚོ་གྲངས་ཉུང་མི་རིགས་ལའང་སྒོ་ཕྱེ་ཡོད་སྟབས། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་གུས་ཞབས་བྱེད་དགོས་ཀྱི་མ་རེད་པས་ཞེས་བསམ་ཚུལ་བཏོན་ཡོད་འདུག

དེ་དང་ཕྱོགས་མཚུངས་བོད་པའི་གཞོན་སྐྱེས་གཞན་ཞིག་གིས། ཏྲེ་ཀི་ཏྲོག་ཚན་པར་དྲི་བ་དང་རེ་བ་ཞིག་ཡོད། མཉེན་ཆས་འདི་བརྒྱུད་ཐད་གཏོང་བྱེད་པའི་སྐབས་རྒྱ་རིགས་ཚོས་རྒྱ་སྐད་བཤད་ན་འགྲིག་གི་འདུག་ལ་ཕྱི་རྒྱལ་མི་རིགས་ཚོས་དབྱིན་ཇི་བཤད་ན་འགྲིག་གི་འདུག འོན་ཀྱང་བོད་པ་ཞིག་གིས་བོད་སྐད་བརྒྱབ་པ་ཡིན་ན་བཀག་སྡོམ་བྱེད་ཀྱི་འདུག་ལ་བོད་ཡིག་བྲིས་པ་ཡིན་ནའང་དེ་དག་མེད་པ་བཟོ་ཡི་འདུག དེ་འདྲ་ཡིན་དུས་ཁྱེད་རང་ཚོས་འདིའི་ཐད་བསམ་བློ་ཡག་པོ་ཞིག་གཏོང་རོགས། ང་ཚོ་བོད་པ་ཡིན་ནའི་རྒྱ་ནག་ནང་གྲངས་ཉུང་མི་རིགས་ལྔ་བཅུ་ང་དྲུག་ཡོད་པའི་ཁོངས་སུ་བོད་པའང་ཚུད་ཀྱི་ཡོད་རེད། བྱས་ཙང་ཁྱེད་རང་ཚོས་བྱེད་སྟངས་འདི་འགྲིག་གི་ཡོད་མ་རེད། ཁྱེད་ཚོས་བརྟག་དཔྱད་ཡག་པོ་ཞིག་བྱས་ནས་གལ་ཏེ་འགྲིག་གི་ཡོད་ན་བོད་ཡིག་བྲིས་ཡག་ཡོད་པ་ཞིག་བཟོ་རོགས་ཅེས་འབོད་སྐུལ་ཞུས་ཡོད་པ་བཅས་གང་ལྟར་རྒྱ་ནག་ནང་བེད་སྤྱོད་བྱེད་ཆོག་པའི་མཉེན་ཆས་ཏྲེ་ཀི་ཏྲོག་ཞེས་པ་དེ་བཞིན་བོད་ནང་བོད་སྐད་དང་བོད་ཡིག་བྲིས་པ་ཡིན་ན་བཀག་སྡོམ་བྱེད་ཀྱི་ཡོད་འདུག

གོང་ཞུས་རྒྱ་སྐད་ཐོག་ནས་བཟོས་པའི་བརྙན་ཐུང་དེ་གཉིས་ག་དུས་བཟོས་ཡོད་མེད་ཚེ་གྲངས་ངེས་ཅན་ཞིག་མེད་ན་ཡང་ཕྱི་ཚེས་༢༨ཉིན་འདིའི་སྐོར་འདི་ག་རླུང་འཕྲིན་ཁང་གིས་བོད་ནས་འབྲེལ་ཡོད་ལ་དྲི་རྩེད་བྱེད་སྐབས་མིང་བརྗོད་འདོད་མེད་པ་ཞིག་གིས་གསུངས་དོན། ཏྲེ་ཀི་ཏྲོག་ནང་བོད་ཡིག་དང་བོད་སྐད་བརྒྱབ་ན་བཀག་འགྲོ་ཡི་རེད། གང་ཡིན་ཟེར་ན་ཁོང་ཚོས་བོད་ཡིག་བོད་སྐད་ནང་དོན་ག་རེ་ཡིན་མིན་ཧ་གོ་གི་མ་རེད། སྐད་ཆ་ཁྱད་མཚར་དེ་འདྲ་བཤད་ཀྱི་རེད་བསམ་ནས་དེར་དོགས་པས་བཀག་གི་རེད། གལ་སྲིད་བོད་སྐད་བཏང་ན་ཡང་ཉིན་མ་མང་པོ་དེ་ལ་བལྟ་ཞིབ་བྱེད་ནས་ནང་དོན་བཅས་ཧ་གོ་ཚར་བའི་རྗེས་སྐྱོན་མི་འདུག་ན་གཞི་ནས་གཏང་གི་རེད་ཅེས་གསུངས།

ཡང་འབྲེལ་ཡོད་མིང་བརྗོད་འདོད་མེད་པ་ཁོང་གིས་དེ་སྔོན་མ་ཡིན་ན་རྒྱ་སྐད་ནང་བཞིན་བོད་སྐད་ལམ་སེང་བསྐུར་ཐུབ་ཀྱི་མ་རེད་དེ། ཉིན་མ་གཅིག་ཙམ་འགོར་གྱི་ཡོད་ས་རེད། ཁོང་ཚོས་(རྒྱ་ནག་གི་ཚོང་ལས་ཁང་དེས)སྐྱོན་མི་འདུག་བསམ་ན་བཏོན་ཡོང་གི་ཡོད་རེད། འོན་ཀྱང་ད་ཆ་ཁོང་ཚོར་ལས་ཀ་མང་དྲག་པའི་རྐྱེན་གྱིས་བལྟ་ལོང་མེད་པའི་རྐྱེན་གྱིས་ཕེལ་ཆེར་བཀག་འགྲོ་ཡི་ཡོད་ས་རེད་འདུག་ཅེས་གསུངས།

སྤྱིར་བཏང་རྒྱ་ནག་གི་ཚོང་དོན་ཚན་པ་ཞིག་གིས་བདག་གཉེར་བྱེད་པའི་ཏྲེ་ཀི་ཏྲོག་ཞེས་པའི་སྤྱི་ཚོགས་དྲྭ་ལམ་བརྒྱུད་ཝི་དྲོ་བརྙན་པར་བཟོ་རྒྱུའི་འཕྲུལ་རིགས་དེ་བཞིན་འཛམ་གླིང་ནང་ཉེ་བའི་དུས་སུ་ཤིན་ཏུ་དར་ཁྱབ་ཆེན་པོ་ཡོད་པ་རེད། འོན་ཀྱང་ལོ་འདིའི་ནང་དམིགས་བསལ་རྒྱ་གར་ནང་གོང་ཞུས་ཏྲེ་ཀི་ཏྲོག་ཞེས་པའི་མཉེན་ཆས་དེས་གཙོས་མཉེན་ཆས་མང་པོ་ཞིག་བེད་སྤྱོད་བྱེད་རྒྱུ་བཀག་སྡོམ་བྱས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཨ་མི་རི་ཀའི་ནང་དུའང་བཀག་སྡོམ་བྱེད་རྒྱུ་དང་ཡང་ན་ཨ་རིའི་ཚོང་དོན་ཚན་པ་ཞིག་ལ་ཚོང་བསྒྱུར་བྱ་རྒྱུའི་འཆར་གཞི་བྱས་པ་སོགས་ཀྱིས་ད་ལྟའི་ཆར་ཕྱི་ཟླ་བཅུ་གཉིས་པའི་ཚེས་བདུན་བར་ནར་འགྱངས་བཏང་ཡོད་པ་བཅས་གང་ལྟར་གོང་ཞུས་ཏྲེ་ཀི་ཏྲོག་མཉེན་ཆས་དེས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ལ་ཉེན་ཁ་ཞིག་མཐོང་གི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎