བོད་རྔ་པ་ཁུལ་དུ་དམག་དཔུང་ཕོན་ཆེ་འགྲེམས་འཇོག་བྱས་པ།
2009.03.15
༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁྱོན་ཡོངས་སུ་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་གྱི་གོང་ནས་དམ་བསྒྲགས་ཆེན་པོ་བྱེད་པ་བཞིན་བོད་ཀྱི་རྔ་པ་ཁུལ་གྱི་ས་ཕྱོགས་གང་སར་རྒྱ་མིའི་དམག་དཔུང་འགྲེམས་འཇོག་ཀྱིས་བོད་མི་རྣམས་ལ་ལུས་སེམས་གཉིས་ཀྱི་དཀའ་ངལ་ཆེན་པོ་གྱུར་ཡོད་པ་རེད།
དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་གྲན་རྡུ་གྲོང་ཁྱེར་དུ་བོད་ཀྱི་རྔ་པ་ས་ཁུལ་ནས་ཡིན་པའི་བོད་མི་མཚན་གསུད་འདོད་མེད་པ་ཞིག་གིས་ཨེ་པི་གསར་འགོད་པར་འགྲེལ་བརྗོད་བྱས་དོན་ལ་རྔ་པ་ས་གནས་གང་སར་རྒྱ་མིའི་དམག་དཔུང་མཐོང་རྒྱུ་ཡོད་པ་དང་བོད་མི་རྣམས་ཧ་ཅང་གི་དཀའ་ངལ་དང་སེམས་སྡུག་ཆེན་པོ་འདུག་ཅེས་ངོ་སྤྲོས་བྱས་ཡོད་པ་དང་ད་དུང་གསར་ཤོག་དེའི་ཐོག་ལ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་ཡང་དྲག་ཆས་ཐོགས་པའི་དམག་མི་དང་དམག་ཆས་མ་གྱོན་པའི་ཉེན་རྟོག་པ་ས་ཕྱོགས་གང་སར་འགྲེམས་འཇོག་བྱས་ཏེ་མྱུལ་ཞིབ་བྱེད་པ་དང་ཉེན་རྟོག་པའི་ས་ཚུགས་གང་སར་བཙུགས་པ།ཉེན་རྟོག་པ་དང་དམག་མིས་བར་སྐོར་དང་གཙུག་ལག་ཁང་གི་མཐའ་འཁོར་དུ་རུ་སྒྲིག་བཏང་སྟེ་འགྲོ་བ།ཡར་འགྲོ་མ་འགྲོ་བྱེད་མཁན་མི་དམངས་ལ་ངོ་སྤྲོད་ལག་ཁྱེར་ཡོད་མེད་འདྲི་ཞིབ་བྱས་པ་སོགས་ལྷ་ས་གྲོང་ཁྱེར་ནང་ཧ་ཅང་གི་དམ་བསྒྲགས་ཆེན་པོ་བྱས་ཏེ་རྒྱ་ནག་གཞུང་གིས་ན་ནིང་གསུམ་པའི་བཅུ་བཞི་དོན་རྐྱེན་བྱུང་ནས་ལོ་གཅིག་འཁོར་བའི་ཉིན་མོར་དོན་རྐྱེན་རིགས་ཡོང་རྒྱུར་འགོག་ཐབས་ཀྱི་དོགས་འཛོན་ཆེན་པོ་བྱས་ཡོད་པའི་སྐོར་བཀོད་ཡོད་པ་རེད། གང་ལྟར་ན་ནིང་ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་ཆོལ་ཁ་གསུམ་གྱི་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་རྔམ་སྟོན་ངོ་རྒོལ་གཞི་རྒྱ་ཆེན་པོ་བྱས་པ་ནས་བཟུང་འདས་པའི་ལོ་གཅིག་དེའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་དམག་དཔུང་འཕར་སྣོན་འགྲེམས་འཇོགས་བྱས་ཏེ་དམག་མི་དང་ཉེན་རྟོག་པས་ཉིན་ལྟར་བཞིན་བོད་མིའི་ཐོག་མྱུལ་ཞིབ་བྱེད་པ་ནི་རྒྱུན་ལྡན་གྱི་ལས་དོན་ཞིག་ཏུ་གྱུར་ཡོད་པ་དང་ལྷག་པར་དུ་དགོན་སྡེ་ཁག་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཤུགས་ཆེ་རུ་བཏང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམས་ཞུ་རུ་བཅུག་པ་སོགས་དགེ་འདུན་པ་ཚོར་བསུན་བཙིར་བཟོས་པ་དང་དགོན་པའི་ནང་རྟོགས་ཞིབ་བྱེད་མཁན་གྱི་པར་ཆས་མང་དུ་བཏང་ཡོད་པ་རེད༎