རྟ་མཆོག་ཁ་འབབ་གཙང་པོའི་ཐོག་ཆུ་མཛོད་སྐྲུན་འཆར་སྐོར།
2010.06.29
༄༅༎རྒྱ་ནག་ཕྱོགས་ནས་རྒྱ་གར་གྱི་རིག་གཞུང་དང་འབྲེལ་བའི་ཆུ་ཆེན་བཞིའི་ཡ་རྒྱལ་རྟ་མཆོག་ཁ་འབབ་ཐོག་འཛམ་གླིང་ནང་ནས་གློག་ཤུགས་ཆུ་མཛོད་གཞི་རྒྱ་ཆེ་ཤོས་ཤིག་རྒྱབ་རྒྱུའི་འཆར་གཞི་སོགས་ཆུའི་ཐོག་ལ་བཏང་འཛིན་བྱེད་པ་དེ་ཡིས་ཡུལ་གྲུ་གཉིས་དབར་གྱི་སྲུང་སྐྱོབ་ཀྱི་གནད་དོན་གལ་འགངས་ཆེན་པོ་ཞིག་ཏུ་འགྱུར་བཞིན་ཡོད་པའི་སྐོར་རྒྱ་གར་གྱི་དབྱེ་ཞིབ་པས་གསུང་ཡོད་པ་རེད།
རྒྱ་གར་གྱི་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཁང་གི་རྩོམ་བྲིས་པ་གྲགས་ཅན་སྦ་རའ་མ་ཆེ་ལ་ནི་ཡིས་དེ་རིང་རྩོམ་བྲིས་ཤིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་རྒྱ་གར་གྱི་བྱང་ཕྱོགས་སུ་འཁེལ་བའི་བོད་ཀྱི་ས་མཐོའི་རྟ་མཆོག་ཁ་འབབ་གཙང་ཆུའི་ཐོག་གློག་ཤུགས་ཆུ་མཛོད་དེ་ཡི་གཞི་ཁྱོན་དང་ནུས་པ་ནི། རྒྱ་ནག་གི་འབྲི་ཆུ་འགག་གསུམ་ཆུ་མཛོད་ལས་ལྡབས་འགྱུར་གཉིས་ཀྱིས་གློག་གི་ནུས་ཤུགས་མང་བ་མཁོ་འདོན་བྱེད་ཐུབ་པའི་ཆུ་མཛོད་ཆེན་པོ་ཞིག་གི་འཆར་གཞི་ཡིན་པ་དང༌། དེ་བཞིན་རྒྱ་ནག་གཞུང་གིས་མུ་མཐུད་ནས་བོད་ཀྱི་གཙང་ཆུ་ཁ་འགྱུར་གཏོང་བའི་ལས་གཞི་དེ་དག་གིས། རྒྱ་གར་ནང་དུ་རྒྱུགས་བཞིན་པའི་བོད་ཀྱི་ཆུའི་རྒྱུན་ཉུང་དུ་འགྲོ་བའི་ཉེན་ཁ་ཞིག་ཏུ་འགྱུར་བཞིན་ཡོད་པ་གསུང་ཡོད་པ་མ་ཟད། རྒྱ་ནག་ཕྱོགས་ནས་བོད་ཀྱི་ཆུའི་ཐོན་ཁུངས་ཐོག་ལ་དབང་བསྒྱུར་བྱེད་པའི་སྲིད་ཇུས་དང༌། རྒྱ་གར་གཞུང་ཕྱོགས་ནས་བོད་དེ་རྒྱ་ནག་གི་མངའ་ཁོངས་རེད་ཅེས་བཤད་དེ་རྒྱ་གར་རང་ཉིད་ལ་གནོད་གཞིའི་སྲིད་ཇུས་འཛིན་བཞིན་པ་དེ་ད་ཆ་རྒྱ་གར་གཞུང་གིས་བོད་ཐོག་ལ་ནོར་འཁྲུལ་གྱི་སྲིད་ཇུས་འཛིན་གྱི་ཡོད་པ་ཇེ་གསལ་འགྲོ་བ་དང༌། ད་དུང་ཡང་རྒྱ་གར་ཕྱོགས་ནས་བོད་ཀྱི་གནད་དོན་དང་ལྷག་པར་དུ་རྒྱ་ནག་གཞུང་གིས་ཤོད་པའི་བོད་ཀྱི་གནད་དོན་རྒྱ་ནག་ནང་སྲིད་ལ་ཐེ་ཇུས་བྱས་པ་རེད་ཟེར་བའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་པ་ཡིན་ཚེ་ཧ་ཅང་གི་ནོར་འཁྲུལ་གྱི་ཁ་ཕྱོགས་སུ་ཕྱིན་ཏེ། དེའི་མཇུག་འབྲས་ནི་རྒྱ་གར་ལ་མུ་མཐུད་ནས་དཀའ་ངལ་སྣོན་མ་ཆགས་རྒྱུ་ལས་ཁེ་ཕན་ཡོང་རྒྱུ་མིན་ཞིང༌། དེར་བརྟེན་མ་འོངས་པའི་རྒྱ་གར་གྱི་དབུ་ཁྲིད་ནི། ངེས་པར་དུ་འདས་ཟིན་པའི་དུས་ཚོད་ནང་རྒྱ་ནག་ལ་མགོ་སྒུར་ཏེ་བོད་ཀྱི་ཐོག་ལ་ནོར་འཁྲུལ་གྱི་སྲིད་ཇུས་འཛིན་པ་རྣམས་ངོས་འཛིན་ཐུབ་མཁན་དང༌། དེ་ཡང་ནོར་འཁྲུལ་ཚབས་ཆེན་པོ་མ་ཆགས་གོང་ལ་འཛེམ་ཟོལ་མེད་པའི་སྙིང་སྟོབས་ཆེ་བའི་དབུ་ཁྲིད་ཅིག་ཡོང་དགོས་པའི་དགོངས་ཚུལ་གསུང་ཡོད་པ་རེད།