བཙན་བྱོལ་བོད་མིས་ཨ་རི་སྲིད་འཛིན་གྱི་ཐག་གཅོད་ལ་དགའ་བསུ།
2010.02.13
༄༅༎རྒྱ་ནག་གཞུང་གིས་གནོན་ཤུགས་དང་ངོ་རྒོལ་སྐྱོན་བརྗོད་ཤུགས་ཆེ་བྱེད་མིན་ལ་མ་ལྟོས་པར། ཨ་རིའི་སྲིད་འཛིན་སྦ་རག་ཨོ་སྦ་མས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུའི་གསལ་བསྒྲགས་གནང་བ་དེར་བཙན་བྱོལ་བོད་གཞུང་གིས་དགའ་བསུ་ཞུས་གནང་འདུག
དེ་ཡང་ད་ལྟ་གོང་དུ་གནས་ཚུལ་རྒྱང་བསྲིང་ཞུས་པ་བཞིན། འདི་ཚེས་༡༡ཉིན་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་རོ་བཌ་གིབ་སི་ཡིས་གསལ་བསྒྲགས་གནང་དོན་ལྟར། ཕྱི་ཟླ་༢པའི་ཚེས་༡༨ཉིན་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་གཏན་འཁེལ་ཡོད་པ་མ་ཟད། མཇལ་འཕྲད་དེའི་སྐབས་དབུ་འཁྲིད་རྣམ་གཉིས་དབར་དོན་ཕན་ལྡན་པའི་གྲོས་མོལ་གནང་རྒྱུའི་ཐུགས་རེ་གནང་བཞིན་ཡོད་སྐོར་གསལ་བསྒྲགས་གནང་བ་དེར། བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་དགའ་བསུ་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་གིས་གནོན་ཤུགས་ཆེན་པོ་སྤྲད་མིན་ལ་མ་བལྟོས་པར་ཨ་རིའི་སྲིད་འཛིན་གྱིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུའི་ཐག་གཅོད་གནང་བ་དེ་ནི། བོད་མི་སྤྱི་དང་ལྷག་པར་དུ་བོད་ནང་ཡོད་པའི་བོད་མི་ཚོར་དགའ་ཚོར་དང་སེམས་འགུལ་ཆེན་པོ་ཡོང་གཞི་ཞིག་ཡིན་པ་ཙམ་མ་ཟད། ཐག་གཅོད་འདི་ཡིས། བོད་དོན་དང་འབྲེལ་བའི་དཀའ་རྙོག་འདི་རྒྱ་བོད་གཉིས་དབར་གྲོས་མོལ་བྱས་པའི་ལམ་ནས་སེལ་ཐབས་ཡོང་བར་ཨ་རི་གཞུང་གིས་གལ་འགངས་ཆེན་པོ་བརྩི་གི་ཡོད་པའི་རྟགས་མཚན་ཞིག་རེད་ཅེས་གསུངས་ཡོད་སྐོར། རྒྱ་གར་གྱི་གྲོང་ཁྱེར་མུམ་སྦཡེ་ནས་འདོན་སྤེལ་བྱེད་བཞིན་པའི་ཉིན་རེའི་གསར་འགྱུར་དང་དཔྱད་གཏམ་ཞེས་པའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།