བོད་ཀྱི་གནད་དོན་དེ་སེལ་ཆེད་གྲོས་མོལ་མུ་མཐུད་རྒྱུའི་ཆོད་སེམས།
2010.02.03
༄༅༎ཉེ་དུས་ཕྱི་ཟླ་༡ཚེས་༢༦ནས་༣༡བར་རྒྱ་ནག་དུ་བོད་དོན་སྐོར་འབྲེལ་མོལ་གནང་བར་ཕེབས་མཁན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་དང་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་ཁ་ས་བཞུགས་སྒར་རྡ་རམ་ས་ལར་གསར་འགོད་ལྷན་ཚོགས་ཤིག་འདུ་སྐོང་གནང་ཡོད་པའི་སར། བོད་ཀྱི་གནད་དོན་སེལ་ཐབས་སུ་རྒྱ་ནག་མཉམ་གྲོས་མོལ་མུ་མཐུད་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་བརྡ་ལན་རྒྱ་ནག་གཞུང་ལ་གསལ་པོ་གནང་ཡོད་སྐོར་གསུངས་པ་དང༌། རྒྱ་ནག་གི་དཔོན་རིགས་ཚོའི་ངོས་ནས་ཀྱང་གྲོས་མོལ་བྱ་རྒྱུ་དེ་གལ་ཆེའི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བཞག།
དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་གིས་གསར་འགོད་པ་ཚོར་། བོད་རྒྱ་འབྲེལ་མོལ་ཐེངས་དགུ་པའི་སྐོར་འགྲེལ་བཤད་གནང་སྐབས། སྐུ་ཚབ་ཚོགས་ཆུང་གིས་རྒྱ་ནག་གི་དཔོན་རིགས་ཚོར་བཀའ་མོལ་གནང་སྐབས། གྲོས་མོལ་གནང་ཡག་གི་གནད་དོན་གཙོ་བོ་དེ་བོད་རྒྱ་ཆེའི་མང་ཚོགས་ཀྱི་མ་འོངས་མདུན་ལམ་དང་བདེ་རྩའི་སྐོར་ཡིན་པ་ལས། ༸གོང་ས་༸ཏཱ་ལའི་བླ་མ་མཆོག་སྐུ་སྒེར་གྱི་མ་འོངས་གནས་བབ་སྐོར་རྩ་བ་ནས་མིན་པ་གསལ་བརྗོད་ནན་ཏན་གནང་ཡོད་སྐོར་འགྲེལ་བརྗོད་གནང་འདུག་ལ། བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་ཀྱི་ཐབས་ལམ་གཅིག་ལས་མེད་པ་དེ་ནི་རྒྱ་ནག་གཞུང་དང་བོད་པའི་དབུ་ཁྲིད་དབར་ཐད་ཀར་འབྲེལ་མོལ་གནང་ཡག་དེ་ཡིན་དུས། འབྲེལ་མོལ་དེ་མུ་མཐུད་གནང་ཐུབ་རྒྱུར་རྒྱ་ནག་གཞུང་ཕྱོགས་ནས་ཕྲན་བུའི་གྲུབ་འབྲས་ཐོན་པའི་གོམ་པ་མདུན་སྤོས་བྱེད་དགོས་ཀྱི་ཡོད་སྐོར་གསུངས་སྟེ།
ཐག་གཅོད་བྱེད་དགོས་ཡག་གི་གཞི་རྩའི་གནད་དོན་གཙོ་བོ་དེ་ནི་བོད་མི་ཚོའི་མངོན་འདོད་རེ་བ་དང་དགོས་འདུན་ཁག་འགྲུབ་ཐུབ་པའི་འཛིན་སྐྱོང་རང་ཉིད་ཀྱི་བྱེད་ཐུབ་པའི་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཀྱི་གནས་བབ་ལག་བསྟར་དངོས་སུ་བྱ་རྒྱུ་དེ་ཡིན་སྐོར་ དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་འགྲེལ་བརྗོད་གནང་འདུག།
དེ་བཞིན་དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་རྒྱ་ནག་གི་དཔོན་རིགས་ཚོར་དངོས་ཐོག་བདེན་འཚོལ་གྱི་ཀུན་སློང་བཅངས་པའི་ཐོག་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་ཐོུང་གི་ཞིབ་འཇུག་གནང་བ་ཡིན་ན། ཕན་མཚུན་གཉིས་དབར་མི་མཐུན་པའི་ཕྱོགས་ཡོད་པ་དེ་ཚོ་སེལ་ཐུབ་རྒྱུ་ཡིནཔའི་དགོངས་ཚུལ་གསུངས་ཡོད་པ་རེད། རིང་མིན་ཨ་རིའི་སྲིད་འཛིན་མཆོག་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་དབར་མཇལ་འཕྲད་གནང་རྒྱུའི་འཆར་གཞིར་རྒྱ་ནག་གི་དཔོན་རིགས་ཚོས་ཧམ་པ་ཆེན་པོས་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་ཐུགས་ཕམ་གསལ་བཏོན་གནང་འདུག། དེ་བཞིན་རྒྱ་ནག་གཞུང་ཕྱོགས་ཀྱིས་བོད་མི་ངོས་ནས་བྱེད་མི་ཆོག་པ་བཞི་ཞེས་པའི་དོན་མཚན་ཁག་བཞི་ཙམ་བཏོན་ཡོད་པ་དེར་ཉམ་ཞིབ་གནང་རྒྱུ་ཡིན་སྐོར་གསུངས་པ་ལས། བོད་པའི་ངོས་ནས་དེ་ཚོ་དམ་འཛིན་བྱ་རྒྱུའི་ཁས་ལེན་གནང་མེད་སྐོར་རྒྱ་རི་རིན་པོ་ཆེ་མཆོག་གིས་ ཁ་ས་བཞུགས་སྒར་དུ་གནང་བའི་གསར་འགོད་ལྷན་ཚོགས་ཐོག་གསུངས་བཞག།