ཁམས་དཀར་མཛེས་ཁུལ་དུ་བོད་མི་ཁག་ཅིག་གིས་ངོ་རྒོལ།

བོད་ཀྱི་ཁམས་དཀར་མཛེས་ཁུལ་དུ་བོད་མི་ཁག་ཅིག་གིས་བོད་རང་བཙན་ཡིན་ཞེས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།

2009.03.05

༄༅༎ད་རིང་ཕྱི་ཟླ་གསུམ་པའི་ཚེས་ལྔ་རེས་གཟའ་ཕུར་བུའི་ཉིན་གྱི་སྔ་དྲོ་བོད་ཀྱི་ཁམས་དཀར་མཛེས་ཁུལ་གྱི་གཞི་ལུ་དགོན་པའི་བཙུན་མ་པད་མ་དབྱངས་མཚོ་ལགས་དང་ཁོང་དང་མཉམ་དུ་བུ་མོ་ཆུང་ཆུང་གཅིག་བཅས་ཁོང་གཉིས་དང་དེ་བཞིན་བོད་མི་ཁག་ཅིག་གིས་དུས་ཚོད་འདྲ་མིན་ཁག་གཉིས་ནང་བོད་རང་བཙན་ཡིན་ཞེས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།

དེ་ཡང་བཙུན་མ་པད་མ་དབྱངས་མཚོ་ལགས་ནི་དེ་སྐབས་བཞུགས་སྒར་རྡ་རམ་ས་ལར་བཞུགས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཨ་མ་ཨ་རྡི་ལགས་ཀྱི་ཚ་མོ་ཡིན་ཞིང་ན་ནིང་ཉིས་སྟོང་བརྒྱད་དང་འདི་ལོའི་ལོ་གསར་པའི་ནང་ཨ་མ་ཨ་རྡི་ལགས་ཀྱི་སྤུན་ཚ་བོ་དང་ཚ་མོ་ལྔ་ཙམ་གྱིས་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པར་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་བཞིན་ད་རེས་བཙུན་མ་པད་མ་དབྱངས་མཚོ་ལགས་ཀྱིས་ཞི་བའི་རྔམ་སྟོན་ངོ་རྒོལ་སྐད་འབོད་བྱས་པའི་རྗེས་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་ཅིང་ཁོང་གིས་ངོ་རྒོལ་ལས་འགུལ་སྤེལ་བའི་གནས་ཚུལ་དང་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་རིམ་སྐོར་ཨོ་སོ་ཀྲོ་ལི་ཡ་དུ་བཞུགས་མཁན་ཁོང་གི་ཨ་ཞང་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་ཁམས་སྐད་སྡེ་ཚན་གྱི་གསར་འགོད་པར་འགྲེལ་བརྗོད་གནང་ཡོད་པ་རེད།

ཁོང་གིས་གསུངས་པར་ཨ་ནི་ཁོང་གི་མཚན་ལ་པད་མ་དབྱངས་མཚོ་ཡིན་པ་དང་ད་ལོ་ལོ་ཉི་ཤུ་རྩ་གཉིས་ལ་སླེབས་ཡོད་ཅིང་དེ་རིང་སྔ་དྲོའི་ཚོུད་བཅུ་དང་སྐར་མ་ཉི་ཤུ་ཙམ་ལ་བོད་རང་བཙན་ཡིན་ཞེས་སྐར་མ་ཉི་ཙམ་སྐད་འབོད་རྒྱབ་པ་དང་ཁོང་དང་མཉམ་དུ་བུ་མོ་ལོ་ན་ཆུང་ཆུང་ཞིག་ཡོད་པ་དང་སྐབས་དེར་རྒྱ་ནག་གཞུང་གིས་དམག་མི་ཕོན་ཆེ་བཏང་སྟེ་ཁོང་མོ་ཊའི་ནང་བླུགས་ཏེ་འཛིན་བཟུང་བྱས་པའི་སྐོར་གསུངས་ཡོད་པ་རེད། ད་དུང་དེ་རིང་ཉིན་དགུང་རྒྱབ་ཀྱི་ཚོུད་དང་པོའི་གཡས་གཡོན་ཙམ་ལ་བོད་མི་ཁག་ཅིག་གིས་བོད་རང་བཙན་གྱི་ངོ་རྒོལ་སྐད་འབོད་བྱས་ཡོད་ཀྱང་ད་ལྟའི་ཆར་བོད་མི་དེ་རྣམས་ཀྱི་མཚན་དང་ས་གནས་གང་ནས་ཡིན་མིན་གསལ་པོ་ཤེས་རྟོགས་བྱུང་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎