སུད་ཛ་ལེན་ཌེ་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ།
2009.07.31
༄༅༎སྔ་ལོ་རྒྱ་ནག་གཞུང་གིས་འཛིན་བཟུང་དང་བཙོན་འཇུག་བྱས་པའི་བོད་མོ་དོན་གྲུབ་དབང་ཆེན་ལགས་གློད་འགྲོལ་གཏོང་དགོས་པའི་དགོས་འདུན་སྟོན་ཆེད་སུད་ཛ་ལེན་ཌེའི་གྲོང་ཁྱེར་ཇི་ནི་ལྦའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བོད་མི་ཁག་ཅིག་གིས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་འདུག
དེ་ཡང་སྔ་ལོ་རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་མ་འཚོགས་གོང་དོན་གྲུབ་དབང་ཆེན་ལགས་ཀྱིས་བོད་ནང་རྩེད་འགྲན་དེ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐོག་བོད་མི་ཚོས་བལྟ་ཚུལ་ཇི་ཡོད་ཀྱི་བསམ་ཚུལ་བསྡུ་རུབ་བྱས་པའི་འཇིགས་བྲལ་ཟེར་བའི་དངོས་འབྱུང་གློག་བརྙན་ཞིག་བཟོ་བསྐྲུན་བྱས་པའི་རྗེས་ལོ་དེའི་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བཙོན་འཇུག་བྱས་ཏེ་ཁོང་ལ་ཁྲིམས་གཏུགས་ཀྱི་ཐོབ་ཐང་མི་སྤྲོད་པ་མ་ཟད་ད་ཆ་ཁོང་ནད་མནར་གྱིས་གཟུགས་གཞི་ཧ་ཅང་སྐྱོ་པོ་ཆགས་ཡོད་ཀྱང་སྨན་བཅོས་ཀྱི་མཐུན་རྐྱེན་མི་སྤྲོད་པའི་ཡ་ང་བའི་གནས་སྟངས་འོག་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་སྟབས་ཉིན་ཤས་གོང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་དོན་གྲུབ་དབང་ཆེན་ལགས་གློད་འགྲོལ་ཡོང་བར་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་སྡོད་བྱེད་མཁན་མི་མང་ཆིག་ཁྲི་གསུམ་སྟོང་ཙམ་གྱི་ས་རྟགས་འཁོད་པའི་རེ་སྐུལ་གྱི་སྙན་ཞུ་ཞིག་རྒྱ་ནག་གཞུང་ལ་ཕུལ་ཡོད་པར་དོན་གྲུབ་དབང་ཆེན་ལགས་གློད་འགྲོལ་ཡོང་ཐབས་ཀྱི་ལས་འགུལ་དེར་རྒྱབ་སྐྱོར་ཞུ་ཆེད་འདི་ཚེས་སུམ་ཅུ་ཉིན་སུད་ཛ་ལེན་ཌེར་གནས་སྡོད་བོད་མི་ཚོས་ཡུལ་དེའི་གྲོང་ཁྱེར་ཇི་ནི་ལྦའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེ་སྤེལ་བ་ཡིན་པའི་འགྲེལ་བརྗོད་བྱས་འདུག